༢༠༡༥ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༦ པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད། དེ་ཡང་དེ་ཉིན་ཕྱི་ནང་གི་གསར་འགོད་པ་ཚང་འཛོམས་ཐོག དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག་དང་འགན་འཛིན་ལས་འཕར་དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་དང་། བསྟན་འཛིན་ཆོས་འཕེལ་ལགས་བཅས་ཀྱིས་གསལ་བསྒྲགས་སྤེལ་དོན།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་རིམ་ལེགས་གྲུབ་ཟིན་པ་ལྟར། འོས་སྒྲིག་དོན་ཚན་ ༦༧ ནང་གསེས་ ༣ པ། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད། ༼ཀ༽འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ཉི་ཤུའི་ནང་ཚུད་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས། ཞེས་པའི་དགོངས་དོན་འོག། འདི་ནས་སྲིད་སྐྱོང་གི་འོས་དམིགས་དྲུག་དང་།
འོས་སྒྲིག་དོན་ཚན་ ༤༩ ནང་གསེས ༡། དངོས་གཞི་འོས་དམིགས་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད། ༼ཀ༽འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༤༥ གོང་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱེད་དགོས། ཞེས་པའི་དགོངས་དོན་འོག་འདི་ནས་ཐོབ་ཁུངས་སོ་སོའི་འོས་ཐོབ་རྩེ་བཏོགས་ཀྱིས་ཆོལ་ཁ་རེ་ནས་ ༤༠ རེ་དང་། ཆོས་བརྒྱུད་ཁག་ལྔ་དང། ལྷོ་བྱང་ཨ་རི། ཡུ་རོབ་དང་ཨ་ཕི་རི་ཀ་ནས་ ༨ རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡི་ནས་ ༤ བཅས་གསལ་བསྒྲགས་བྱ་རྒྱུ་ཡིན།
ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༥ ནས་ཚེས་ ༢༤ ནང་ཚུན་ལ། ཟུར་གསལ་སྲིད་སྐྱོང་གི་འོས་དམིགས་ནས་འོས་དངོས་གཞིར་ཞུགས་འདོད་ཡོད་མཁན་རྣམས་ཀྱིས་སོ་སོའི་མིང་དང་ཁྱད་མིང་། སྐྱེས་ལོ་སྐྱེས་ཚེས། དཔྱ་ཁྲལ་ལག་དེབ་ཨང་གྲངས། དོ་བདག་སོ་སོའི་ལོ་རྒྱུས་སྙིང་བསྡུས་ཧི་མ་ལ་ཡིག་ཚད་ ༡༦ ཅན་གྱི་ཡིག་ཕྲེང་ ༡༨ ལས་མ་བརྒལ་བ་རེ། ཉེ་ཆར་བརྒྱབ་པའི་ཕྱེད་པར་མཚོན་ཁྲ་ཅན་གསུམ་རེ་བཅས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དབུས་འོས་བསྡུ་ལས་ཁང་ལ་འབུལ་འབྱོར་དགོས་པ་དང་། འོས་གཞི་ལས་དགོངས་པ་ཞུ་འདོད་ཡོད་རིགས་ནས་དུས་ཡུན་དེའི་ནང་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་ཤོག་འབུལ་དགོས་ཤིང་། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག
གལ་སྲིད་གོང་གསལ་དུས་ཡུན་དེའི་ནང་འོས་གཞིར་ཞུགས་འདོད་ཡོད་མེད་ཀྱི་བརྡ་ལན་ཡིག་ཐོག་ནས་ཕུལ་འབྱོར་མ་བྱུང་ཚེ་འོས་དངོས་གཞིར་ཞུགས་འདོད་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན།
དེ་བཞིན་དུ། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༥ ནས་ཕྱི་ལོ ༢༠༡༦ ཟླ་ ༡ ཚེས་༡༨ ནང་ཚུན་ལ། ཟུར་གསལ་སྤྱི་འཐུས་ཀྱི་འོས་དམིགས་སོ་སོ་ནས་འོས་དངོས་གཞིར་ཞུགས་འདོད་ཡོད་མཁན་རྣམས་ཀྱིས་སོ་སོའི་མིང་དང་ཁྱད་མིང་། སྐྱེས་ལོ་སྐྱེས་ཚེས། དཔྱ་ཁྲལ་ལག་དེབ་ཨང་གྲངས། དོ་བདག་སོ་སོའི་ལོ་རྒྱུས་སྙིང་བསྡུས་ཧི་མ་ལ་ཡིག་ཚད་ ༡༦ ཅན་གྱི་ཡིག་ཕྲེང་ ༡༨ ལས་མ་བརྒལ་བ་རེ། ཉེ་ཆར་བརྒྱབ་པའི་ཕྱེད་པར་མཚོན་ཁྲ་ཅན་གསུམ་རེ་བཅས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དབུས་འོས་བསྡུ་ལས་ཁང་ལ་འབུལ་འབྱོར་དགོས་པ་དང་། འོས་གཞི་ལས་དགོངས་པ་ཞུ་འདོད་ཡོད་རིགས་ནས་དུས་ཡུན་དེའི་ནང་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་དགོངས་ཤོག་འབུལ་དགོས་ཤིང་། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག
གལ་སྲིད་གོང་གསལ་དུས་ཡུན་དེའི་ནང་འོས་གཞིར་ཞུགས་འདོད་ཡོད་མེད་ཀྱི་བརྡ་ལན་ཡིག་ཐོག་ནས་ཕུལ་འབྱོར་མ་བྱུང་ཚེ་འོས་དངོས་གཞིར་ཞུགས་འདོད་མེད་པར་ངོས་འཛིན་ཞུ་རྒྱུ་ཡིན།
གསལ་བཤད་ཕྲན་བུ།
སྤྱི་ཡོངས་ཀྱི་ཆ་ནས་འོས་སྔོན་འགྲོའི་སྐབས་རྒྱ་ཆེའི་མང་ཚོགས་ནས་འོས་བསྡུའི་ལས་རིམ་ཁག་ལ་ཐུགས་སྣང་ཆེན་པོ་གནང་བ་དང་། ལྷག་པར་དུ་འོས་གཞིའི་ནང་གཞོན་སྐྱེས་ཤེས་ཡོན་ཅན་མང་པོ་འཚང་ཁ་ཤིག་ཤིག་ཡོང་བ་བཅས་ནི་དགའ་འོས་པའི་གནས་སུ་གྱུར་ཡོད།
འོན་ཀྱང་ཁྲིམས་ལུགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་སྒྲིག་ཁག་གི་གོ་བ་མ་ལོན་པའམ། བོད་མིའི་སྒྲིག་འཛུགས་དང་དབུས་འོས་བསྡུ་ལས་ཁང་ལ་མིང་ཆད་བཟོ་འདོད། ཡང་ན་མང་ཚོགས་ལ་མགོ་འཐོམ་དུ་བཅུག་པ་གང་ཡིན་ཆ་མ་འཚལ་ཡང་། གང་ལྟར་སྙན་ཞུའི་རྣམ་པར་ཡི་གེ་འདྲ་མིན་ཁྱབ་སྤེལ་བྱེད་པ་དེ་དག་ནི་སྤྱི་ཚོགས་ཟང་ཟིང་དང་། དགྲ་དགའ་གཉེན་སྡུག་གི་གཞི་རུ་འགྱུར་རྒྱུ་ཙམ་ལས་འོས་གཞིའི་སྐྱེ་བོ་སུ་ལ་ནམ་ཡང་ཕན་པའི་གནས་ཚུལ་ཞིག་ཆགས་མེད། འདི་ནས་ཁྲིམས་སྒྲིག་གང་ལ་འགལ་འཛོལ་གང་ཡང་བྱུང་མེད་པར་བརྟེན་བློ་སྤོབས་ཆེན་པོའི་སྒོ་ནས་གསལ་བཤད་རིམ་པར་བྱས་ཡོད་པས་རྒྱ་ཆེའི་མང་ཚོགས་ནས་ཐུགས་ཞིབ་ནན་མོ་གནང་སྟེ་གནས་ཚུལ་དེ་རིགས་ལ་ཐུགས་བློ་མ་རྨོངས་པ་གནང་རོགས་ཞེས་ཞུ་འདོད་བྱུང་།
འོས་སྒྲིག་དོན་ཚན་ ༣༠ ནང་གསེས་ ༢ ནང་གསལ་ཟུར་འཛར་༼ང༽བ་དང་། དོན་ཚན་ ༦༦ ནང་གསེས་ ༣ ནང་གསལ་ཟུར་འཛར་༼ཉ༽བའི་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག་ནང་མིང་དང་ཁྱད་མིང་འགོད་རྒྱུ་ལས་མིང་གཞན་འགོད་ཆོག་པའི་གསལ་ཁ་མེད་སྟབས། ད་ལྟའི་ལས་སྣེ་སོགས་གཞན་དག་གཅིག་མཚུངས་ཡིན་ནའང་མིང་མི་འདྲ་བ་ཡོད་པ་རྣམས་འོས་གཞི་གཅིག་ཏུ་ངོས་འཛིན་ཞུ་ཐབས་མ་མཆིས་པ་བཅས་ཀྱི་གསལ་བསྒྲགས་སུ། དབུས་འོས་བསྡུ་ལས་ཁང་ནས། ༢༠༡༥ ཟླ་ ༡༢ ཚེས་ ༤ ལ།།