༢༠༡༥ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༢།༣༠ ཐོག་རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་ནས་མྱ་ངན་གུས་བཏུད་ཞུ་ཕྱིར། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༥ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་ལས་བྱེད་གསོལ་ཚང་གི་གཉའ་ཁྲི་ཚོགས་ཁང་དུ་ཚང་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དབུས་ལས་ཁུངས་ཁག་ལས་མཚམས་འཇོག་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ངོས་རང་ཧ་ཅང་བློ་ཕམ་བྱུང་། སྐྱེས་ཆེན་དམ་པ་ཁོང་གི་སྐལ་ལྡན་གྱི་འདུལ་བྱ་རྣམས་ལ་ངོས་ཀྱིས་སྙིང་ཁོངས་རུས་པའི་གཏིང་ནས་སེམས་གསོ་དང་སྦྲགས། གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱིས་ཚེ་རབས་ནས ཚེ་རབས་རྗེས་སུ་འཛིན་པའི་གདུང་ཤུགས་དྲག་པོས་སྨོན་ལམ་ཞུ་རྒྱུ་མ་ཟད། སྐུའི་ཡང་སྲིད་མཆོག་སྤྲུལ་མྱུར་དུ་བྱོན་པའི་གསོལ་འདེབས་ཞུ་རྒྱུ་ཡིན།
དེ་ཡང་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་མཆོག་ནི། ཡར་འབྲོགས་སྣ་དཀར་རྩེའི་ཕུན་དཀྱིལ་ཞེས་པའི་ཁྱིམ་དུ་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་ཟུང་གི་སྲས་སུ་རབ་བྱུང་ ༡༦ མེ་ཡོས་ཟླའི་ཡར་ཚེས་ ༡༣ ལ་ངོ་མཚར་བའི་ལྟས་བཟང་དུ་མ་དང་བཅས་ཏེ་སྐུ་འཁྲུངས། རྡོ་བྲག་རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་མཆོག་གིས་ངོས་འཛིན་གནང་། བགྲང་བྱ་ལྔ་པར་སྟག་ལུང་རྩེ་གྲྭ་ཚང་དུ་ཆོས་ཞུགས་གནང་། རྡོ་བྲག་ཆུ་བཟང་རིན་པོ་ཆེ་སྐུ་གོང་མ་པདྨ་ངེས་དོན་བསྟན་པའི་ཉི་མས་གཙུག་ཕུད་བཞེས་ཏེ། བཤད་སྒྲུབ་ཉིན་བྱེད་ཕྲིན་ལས་དཔལ་བཟང་པོ་ཞེས་སྤྲུལ་སྐུའི་མཚན་རྟགས་དང་གདན་ཐོབ་སོགས་དམིགས་བསལ་ཆེ་བར་གནང་བ་ནི་ཕྱི་མཐའ་ལ་གཟིགས་པ་གསལ། ཡོངས་འཛིན་ཀུན་བཟང་མཆོག་གི་མདུན་ནས་ཡི་གེ་འབྲི་ཀློག་སོགས་ཚེག་མེད་མཁྱེན་ཅིང་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་ཏུ་ཕེབས་བཞུགས་གནང་སྟེ་བྱང་པའི་ཕྱག་བཞེད་རྣམས་ལེགས་པར་གསན་བཞེས་གནང༌། སྨིན་གླིང་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས། དེ་རྗེས་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་རིན་པོ་ཆེའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་བསླབ་སྡོམ་གསན་བཞེས་གནང་སྟེ་བསྟན་པའི་རྩ་ལག་ཏུ་གྱུར་བ་དང་། དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་བསྟེན་པ་སོགས་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བསྟན་པ་རྒྱ་མཚོའི་མངའ་བདག་དུ་གྱུར་ཅིང་དབང་ལུང་མན་ངག་སོགས་གདུལ་བྱའི་འཕྲིན་ལས་ཕྱོགས་དང་མུ་མེད་པར་རྒྱས་བཞིན་བཞུགས། །