ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་རྡ་ས་མེཀ་ལོ་གྷན་ཇིར་ཡོད་པའི་བྷག་སུ་གསོལ་མགྲོན་ཁང་གི་ཐང་ཆེན་དུ་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག ཉིན་གཉིས་རིང་གི་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༡༥ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱི་སྐུ་ཚབ་ ADM, Balbir Thakur མཆོག བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་། དེ་བཞིན་རྡ་ས་ཁུལ་གྱི་རྒྱ་གར་བ་དང་བོད་མི་བཅས་ཁྱོན་མི་ ༢༠༠ བརྒལ་བ་འདུ་འཛོམས་ཀྱིས། ཐོག་མར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ADM མཆོག་གིས་སྣང་གསལ་ཞལ་འབྱེད་གནང་རྗེས། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ད་ཆ་ཚོགས་པའི་སློབ་སྟོན་པ་རམ་སྭ་རུབ་ལགས་ཀྱིས་ཧིན་སྐད་ཐོག་ཕེབས་བསུའི་གསུང་བཤད་གནང་རྗེས། རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་བོད་མི་མང་སྤྱི་འཐུས་ཨ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༦ འཁོར་བའི་དུས་དྲན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ། རྡ་ས་ཧིན་བོད་མཛའ་ཚོགས་བཙུགས་ནས་ལོ་ངོ་ ༢༠ འཁོར་བ་བཅས་དུས་སྟོན་གསུམ་འཛོམས་ཀྱི་ཉིན་མོ་འཁེལ་ཡོད།
རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པས་ཕྱི་ལོ་ ༡༩༩༥ ནས་ལོ་ལྟར་རྒྱལ་སྤྱིའི་ཧི་མཱ་ལ་ཡི་དུས་སྟོན། ཞེས་པ་དེ་གོ་སྒྲིག་ཞུ་བཞིན་ཡོད་ཀྱང་འདས་པའི་ལོ་གཉིས་ཙམ་རིང་དེ་ལྟར་གོ་སྒྲིག་ཞུ་ཐུབ་མེད། ནམ་རྒྱུན་ཡིན་ན་བོད་ཀྱི་ཟློས་གར་ཚོགས་པའི་ཐང་ཆེན་དུ་གོ་སྒྲིག་ཞུས་ཀྱི་ཡོད་ཀྱང་། མི་སྣ་འཛོམས་བདེ་བ་དང་སྟབས་བདེ་བྱས་ཏེ་ཧི་མཱ་ཅལ་མངའ་སྡེའི་སྲིད་གཞུང་དང་། ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ནས་ཆོག་མཆན་དང་གོ་སྐབས་གནང་སྟེ་ཉིན་གཉིས་རིང་འདིར་གོ་སྒྲིག་ཞུས་ཡོད། ད་བར་དུས་སྟོན་སྐབས་གཞས་སྣ་འཁྲབ་སྟོན་ཁག་ཧིན་བོད་རྒྱལ་ཁབ་དང་མི་རིགས་གཉིས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་ཆེད་གཞས་སྣ་འཁྲབ་སྟོན་གོ་སྒྲིག་ཞུས་མུས་ཡིན་པ་མ་ཟད། གཙོ་བོ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཆེད་གོ་སྒྲིག་ཞུས་ཡོད། ད་བར་མུ་མཐུད་གནས་ཐུབ་པ་འདི་ཡང་རྩ་བའི་བོད་མིའི་སྒྲིག་འཛུགས་དང་། ་མངའ་སྡེའི་སྲིད་གཞུང་གིས་དཔལ་འབྱོར་གྱི་མཐུན་འགྱུར་ལ་བརྟེན་ནས་ད་བར་མུ་མཐུད་རྒྱུན་སྐྱོང་དང་རྒྱུན་གནས་ཐུབ་ཡོད། འབྱུང་འགྱུར་ཡང་དེ་རིང་ལས་ལྷག་པ་དང་། སྤུས་དག་པ་ཡོང་རྒྱུར་རེ་བ་ཡོད།
བོད་མིའི་སྒྲིག་འཛུགས་དང་མངའ་སྡེའི་སྲིད་གཞུང་གིས་མཐུན་འགྱུར་ལ་བརྟེན་ནས་ཐེངས་འདིའི་རྒྱལ་སྤྱིའི་ཧི་མཱ་ལ་ཡའི་དུས་སྟོན་འདི་གོ་སྒྲིག་ཞུས་ཐུབ་སྟབས། ངས་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པ་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཚགས་ཚུད་སྤུས་དག་ཡོང་སླད་དཔལ་འབྱོར་མཐུན་འགྱུར་མུ་མཐུད་གནང་སྐྱོང་ཡོང་བའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་བརྒྱུད་ནས་ཞུ་རྒྱུ་དང་། ཐེངས་འདིའི་གོ་སྒྲིག་ནང་རྡ་སྟེང་བོད་ཁྱིམ་ནས་གྷོ་པལ་པུར་བོད་ཁྱིམ་བར་དང་། བོད་ཀྱི་ཟློས་གར་ནས་ས་ར་མཐོ་སློབ་བར་གྱི་བོད་མིའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཡོངས་རྫོགས་མཉམ་ཞུགས་ཡོད་ཞུ་རྒྱུ་ཡིན། དེ་བཞིན་རྡ་ས་མེཀ་ལོ་གྷན་ཇིའི་ཁྱབ་ཁོངས་སུ་ཡོད་པའི་རྒྱ་གར་གྱི་སྒྲིག་འཛུགས་ཡོངས་རྫོགས་གོ་སྒྲིག་ཚོགས་ཆུང་ནང་མཉམ་ཞུགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན། ཧིན་སྐད་ཐོག་གཏམ་བཤད་བྱ་རྒྱུའི་གོ་སྐབས་ནམ་བྱུང་སྐབས་ང་རང་གི་ཧིན་རྡིའི་དགེ་རྒན་གྷུབ་ཏ་ལགས་དྲན་གྱི་འདུག སྤྱིར་རྒན་ལགས་ཁོ་རང་ཧིན་རྡི་ཧ་ཅང་ཡག་པོ་ཡོད་ཀྱང་། སློབ་ཕྲུག་དེ་ཙམ་ཡག་པོ་མེད་སྟབས་ཧིན་སྐད་གང་ཤེས་པ་ཕལ་ཆེ་བ་བརྗེད་འདུག འོན་ཀྱང་ངས་ཧིན་སྐད་ཐོག་ཚིག་ཁ་ཤས་ཞུ་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ཐོག་མར་ངས་ཧི་མཱ་ལ་ཡའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དུས་སྟོན་སྐབས་ཧིན་བོད་ཀྱི་སྤུན་ཟླ་རྣམས་དགའ་ཚོར་ཆེན་པོའི་ངང་གཞས་སྣ་འཁྲབ་སྟོན་བྱས་པར་ང་རང་ཡང་དགའ་སྤོབས་ཡོང་གི་འདུག ཧིན་བོད་གཉིས་ཀྱི་རིག་གཞུང་དང་། ཆས་གོས། གཞས་སྣ་བཅས་ཕལ་ཆེར་འདྲ་བོ་ཡོད། ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ཐོག་ནས་ཧིན་བོད་འབྲེལ་བ་ཤུགས་ཆེ་ཡོད། རྒྱ་ནག་གཞུང་གིས་བོད་ས་ཁུལ་དུ་དྲག་པོའི་བཙན་བཟུང་བྱས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཁོང་གི་ཕེབས་རྗེས་སུ་བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད། རྒྱ་གར་གཞུང་མང་གཉིས་ནས་ང་ཚོར་མཐུན་འགྱུར་གནང་བ་ནང་བཞིན། རྒྱལ་ཁབ་གཞན་གྱི་གཞུང་དང་མི་མང་ནས་དེ་ལྟར་མཐུན་འགྱུར་གནང་མེད། དེར་བརྟེན་ང་ཚོས་ཁ་ཙམ་མིན་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱ་གར་ནང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཧི་མཱ་ཅལ་མངའ་སྡེའི་ཁོངས་རྡ་རམ་ས་ལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཀྱང་ཡིན། ལོ་ངོ་ ༥༠ ལྷག་ཙམ་རིང་ནས་ཁྱིམ་ཚང་གཅིག་ལྟ་བུ་འཆམ་མཐུན་ངང་གནས་བཞིན་ཡོད་པ་ལྟར་མུ་མཐུད་དེ་ལྟར་གནས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ང་ཚོ་བོད་མི་རྣམས་གནས་སྐབས་རིང་རྒྱ་གར་ནང་སྐྱབས་བཅོལ་དུ་སྡོད་དགོས་བྱུང་ཡོད་ཀྱང་། ཉིན་ཞིག་ང་ཚོ་རང་ཡུལ་བོད་གངས་ཅན་ལྗོངས་སུ་ཕྱིར་ལོག་རྒྱུ་ཡིན་པ་གཏན་ཁེལ་རེད། ད་བར་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་ ཧི་མཱ་ཅལ་མངའ་སྡེའི་གྲོང་སྡེ་ལྷན་ཁང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་གྱི་སྐུ་ཚབ་ ADM, Balbir Thakur མཆོག་གིས། ད་བར་མངའ་སྡེ་གཞུང་གིས་རྡ་ས་ཁུལ་གྱི་རྒྱ་ལམ་སོགས་ཡར་རྒྱས་རྒྱ་གང་ཆེ་བཏང་ཡོད་སྐོར་སོགསདང་། ཧིན་བོད་གཉིས་ཆོས་དང་རིག་གཞུང་། ལོ་རྒྱུས་ཐོག་ནས་འབྲེལ་ལམ་གཏིང་ཟབ་ཡོད་པ་ལྟར། མ་འོངས་པར་བོད་མི་རྣམས་བློ་བདེ་བོའི་ངང་འདིར་བཞུགས་པར་དགའ་བསུ་ཡོད། མི་སུ་ཡིན་རུང་སོ་སོའི་ཁྱིམ་དུ་ལོ་རྒྱུར་དགའ་པོ་ཡོད་པ་ལྟར། བོད་མིའི་རེ་བ་མངོན་འགྱུར་བྱུང་སྟེ་ཕྱིར་རང་ཡུལ་ལ་ལོག་ཐུབ་པར་ང་ཚོས་སེམས་གཏིང་ནས་རེ་བ་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་ཀྱང་མ་འོངས་པར་ཧིན་བོད་རིག་གཞུང་འཁྲབ་སྟོན་འདི་ལ་མུ་མཐུད་རྒྱབ་སྐྱོར་དང་མཐུན་འགྱུར་གང་ཐུབ་གནང་གི་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
ཐེངས་འདིའི་དུས་སྟོན་སྐབས་བོད་ཀྱི་ཟློས་གར་ཚོགས་པས་གཙོས་ཧི་མཱ་ཅལ་མངའ་སྡེའི་ལའོ་སི་པི་ཏི་དང་། བལ་པོ། ས་གནས་ཡུལ་མི་སོགས་ནས་རིག་གཞུང་འཁྲབ་སྟོན་གནང་ཡོད།།