ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་རུ་སོག་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་འོག་ནང་པའི་རྗེས་འབྲང་པ་དང་། བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་འདུ་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༦ ཧྲིལ་པོ་འཁོར་བའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་འདུག
སྐབས་དེར་རུ་སོག་ཆེ་བསྟོད་སྐུ་ཚབ་དོན་གཅོད་ཏི་ལོ་རིན་པོ་མཆོག་གིས་ལོ་ངོ་ ༢༦ གི་སྔོན་དེ་རིང་གི་ཉིན་མོར་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ཡོད་སྐོར་དང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་གང་ཉིད་མཆོག་ནང་པའི་དགེ་སློང་དཀྱུས་མ་ཞིག་ཡིན་ཞེས་བཀའ་སྩོལ་བཞིན་ཡོད་ནའང་། ནང་པའི་རྗེས་འབྲང་པ་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མིའི་ཤ་ཚུགས་སུ་བྱོན་པར་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ༸གོང་ས་མཆོག་གིས་ང་ཚོར་གང་ཟག་སྒེར་གཅིག་ཡིན་རུང་། ཆོད་སེམས་དང་སྙིང་རུས་བྱས་ན་འཛམ་གླིང་འདིའི་སྟེང་ཁྱད་པར་ཆེན་པོ་ཇི་ཙམ་བཟོ་ཐུབ་ཀྱི་ཡོད་པའི་དམིགས་དཔེ་བཟང་པོ་སྟོན་གནང་མཛད་སྐོར། ཕྱོགས་མཚུངས་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་མུ་མཐུད་ལུས་སེམས་གཉིས་ལ་དཀའ་ངལ་མང་དག་ཞིག་འཕྲད་བཞིན་ཡོད་པ་དང་། དུས་རབ་ ༢༠ ནང་དམར་ཤོག་གིས་སྲིད་བྱུས་འོག་རུ་སོག་མི་རིགས་རྣམས་ཀྱང་དཀའ་ངལ་མང་དག་གཅིག་མྱངས་ཡོད་ནའང་། ད་ལྟའི་ཆར་རུ་སོག་ནི་རང་དབང་ཅན་གྱི་སྤྱི་ཚོགས་ཤིག་ཆགས་ཡོད་པར་བརྟེན། ཆོས་དད་རང་དབང་དང་། སོ་སོའི་རིག་གཞུང་ཉམས་པ་སླར་གསོ་བྱེད་རྒྱུའི་གོ་སྐབས་ཡོད་སྟབས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་པ། ཐེངས་འདིའི་མཛད་སྒོ་འདི་བཞིན་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དགའ་སྟོན་ཙམ་མིན་པར་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་ཆེད་ཀྱང་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་སུད་སི་དང་ལེག་སི་ཌེན་ཁུལ་གནས་སྡོད་བོད་མི་དང་། སུད་བོད་མཛའ་འབྲེལ་ཚོགས་པ། ཡུ་རོབ་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་ཕྱི་ཚེས་ ༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༦ འཁོར་བའི་དུས་ཆེན་གཉིས་འཛོམས་ཀྱི་ཉིན་མོ་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ནས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བ་དང་སྦྲགས་དུས་ཆེན་སྲུང་བརྩི་ཞུས་འདུག
ལས་འགུལ་སྐབས་བོད་ཀྱི་རྒྱལ་གླུ་དང་། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱས་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད་འདུག
སྐབས་དེར་སུད་སི་དང་ལེག་སི་ཌེན་ཁུལ་གྱི་ས་འཐུས་ཚོགས་གཙོ་བསྟན་འཛིན་སྙིང་བུ་ལགས་དང་། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། བོད་མི་མང་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བཅས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་ཡོད་འདུག་པ་མ་ཟད། སུད་སི་དང་ལེག་སི་ཌེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་པདྨ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་འབུལ་རྒྱུའི་ཞུ་ཡིག་སྒྲོགས་སྦྱང་གནང་།
ཞུ་ཡིག་གཞིར་བཟུང་གོམ་བགྲོད་ཀྱི་བརྗོད་གཞི་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ། འོན་ཀྱང་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་ཞེས་ཡིན་འདུག ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཟིན་རྗེས་རི་ཀོན་དགོན་པའི་མཁན་པོས་སྣེ་ཁྲིད་དེ་དགོན་པ་དེའི་ནང་བསང་གསོལ་བཏང་སྟེ་རྗེས་མཛད་སྒོ་གྲོལ་ཡོད་པ་བཅས།།