༢༠༡༥ ཟླ་ ༡༡ ཚེས་ ༣༠ རེས་གཟའ་མིག་དམར།
༄༅། །ད་རིང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ ཉིན་ང་ཚོས་སླར་ཡང་སྲོག་ཉེན་ཅན་གྱི་ནད་གཞི་གཉན་ནད་རེག་དུག་ལ་རྒོལ་བའི་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་ཞེས་སྲུང་བརྩི་ཞུ་ཡི་ཡོད། ང་ཚོས་ཉིན་མོ་བྱེ་བྲག་པ་འདི་འདེམས་དགོས་དོན་ནི་ནད་གཞི་དེས་རྐྱེན་པས་རྒྱལ་སྤྱི་དང་རྒྱལ་ནང་ཁག་གི་ས་ཁུལ་དུ་འཕྲད་བཞིན་པའི་དཀའ་སྡུག་རྣམས་གསལ་སྟོན་དང་། ནད་གཞི་དེའི་དཀའ་རྙོག་དང་ཁྱབ་འཕེལ་འགོག་པའི་འཐབ་རྒོལ་བྱ་རྒྱུར་ང་ཚོས་ལྷག་བསམ་ཟོལ་མེད་ཀྱི་གཞུང་སྒེར་གཉིས་ཀའི་འབད་བརྩོན་རྣམས་སྐྱར་གསོ་ཡོང་བའི་དྲན་སྐུལ་ཞུ་རྒྱུ་ཡིན། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོད་རྩིས་ལྟར་བྱས་ན། ཕྱི་ལོ་ ༢༠༡༤ ལོར་གཉན་ནད་རེག་དུག་གི་ནད་གཞིས་ཟིན་པ་མི་གྲངས་ས་ཡ་ ༣༦.༩ ཙམ་དང་། དེའི་ཁྲོད་ནས་མི་འབོར་ས་ཡ་ ༢.༦ ནི་ལོ་ན་བཅོ་ལྔ་མན་གྱི་ཕྲུ་གུ་ཆགས་ཡོད། ཕྱི་ལོ་ ༢༠༡༤ ལོ་དེ་རང་དུ་གཉན་ནད་རེག་དུག་གི་ནད་གཞི་གསར་དུ་ཕོག་པ་མི་གྲངས་ས་ཡ་ ༢ ཙམ་དང་། ནད་གཞི་དེས་རྐྱེན་པས་མི་གྲངས་ས་ཡ་ ༡.༢ ཙམ་འདས་གྲོངས་སུ་གྱུར་ཡོད། གྲངས་ཐོ་འདིས་ཁ་གསལ་སྟོན་བཞིན་པ་ནི་ནད་གཞི་དེས་ད་དུའང་ང་ཚོའི་ཚེ་སྲོག་ལ་འཇིགས་ཉེན་བཟོ་བཞིན་ཡོད་པ་དང་། མ་ཟད་ད་བར་ང་ཚོས་འབད་བརྩོན་སྣ་ཚོགས་ཤིག་བྱས་ཡོད་མོད་ཀྱང་འཛམ་གླིང་གཉན་ནད་རེག་དུག་ལས་འགུལ་ཁང་གི་རྒྱལ་སྤྱིའི་འཆར་འགོད་ཚོགས་ཆུང་གིས་གསལ་སྟོན་བྱས་པའི་བརྗོད་གཞི་ལྟར་འགོ་ནད་ཀྱི་གྲངས་ཚད་ཀླད་ཀོར་དུ་སླེབས་པར་འབད་བརྩོན་སྔར་ལས་མང་བ་བསྟེན་དགོས་ཀྱི་ཡོད། “ གཉན་ནད་རེག་དུག་གི་དབང་གིས་འཆི་རྐྱེན་མི་འབྱུང་བ་དང་། ནད་གཞི་འདི་རིགས་ཕོག་པ་རྣམས་ལ་དབྱེ་འབྱེད་མི་བྱེད་པ། ནད་གཞི་གསར་པ་མི་འབྱུང་བ།“ ཞེས་པ་དེ་ནི་ ༢༠༡༡ ནས་ ༢༠༡༥ བར་དུ་བདམས་པའི་ལོ་མང་གི་བརྗོད་གཞི་ཞིག་ཡིན། གཉན་ནད་རེག་དུག་དང་། ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞི་ནི་རྒྱལ་སྤྱིའི་དཀའ་ངལ་ཞིག་ཏུ་འགྱུར་ཡོད་ཅིང་དེས་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་གནོད་ཚབས་བཟོ་བཞིན་ཡོད། ང་ཚོས་ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞི་ལ་བཅོས་ཐབས་མེད་པ་ཤེས་ཀྱི་ཡོད་མོད་ཀྱང་། དེ་ནི་སྔོན་འགོག་ཐུབ་རུང་ཞིག་ཡིན། རྒྱུ་མཚན་དེར་བརྟེན་གཉན་ནད་རེག་དུག་དང་། ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞི་ཁྱབ་འཕེལ་འགོག་པའི་ཐབས་ལམ་ཡག་ཤོས་གཅིག་ནི་ཤེས་ཡོན་སློབ་གསོ་སྤེལ་རྒྱུ་དེ་ཡིན་པ་རེད།
ང་ཚོ་བོད་མི་རང་ཉིད་ཀྱི་སྤྱི་ཚོགས་ནང་དུ་ནད་གཞི་དེ་ཉིད་འགོ་ཉེན་སླ་བར་ངོས་འཛིན་ཆོག་པའི་མི་སྣའི་སྡེ་ཁག་སྣ་ཚོགས་ཤིག་འདུས་ཡོད། འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་རྙིང་ཞེན་ཅན་གྱི་རིག་གཞུང་ལྡན་པའི་ཚོགས་སྡེ་ཀུན་དང་མཚུངས་པར་བོད་མིའི་ཚོགས་སྡེ་ཁག་གི་ནང་དུའང་རིག་གཞུང་གི་ཚོར་སྐྱེན་དང་ལྟ་སྟངས། དེ་བཞིན་ནད་གཞི་དེའི་ཐད་ཕྱོགས་ཡོངས་ཀྱི་ཤེས་ཡོན་གྱི་གོ་རྟོགས་ཧ་ཅང་ཞན་རྐྱེན་གྱིས་ནད་གཞི་དེའི་སྐོར་ལ་ཕྱི་གསལ་ནང་གསལ་གྱི་བགྲོ་གླེང་ཞིག་ཡོང་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ནོར་ཝེ་རོགས་ཚོགས་(Norwegian Church Aid) ཀྱིས་མཐུན་འགྱུར་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་གཉན་ནད་རེག་དུག་པ་རྣམས་ལ་བདེ་སྡུག་ལྟ་སྐྱོང་དང། གཉན་ནད་རེག་དུག་གི་ནད་གཞི་འགོག་སྡོམ་གྱི་ལས་འཆར་ཞིག་གཉེར་བཞིན་ཡོད། ལས་འཆར་འདིར་དམིགས་ཡུལ་གཉིས་ཡོད་པ་ནི་འགོ་ནད་གསར་པ་ཁྱབ་འཕེལ་འགྲོ་རྒྱུར་སྔོན་འགོག་དང་། གཉན་ནད་རེག་དུག་གི་ནད་གཞིས་ཟིན་པ་རྣམས་མི་ཚེ་བདེ་ཐང་ངང་ཡུན་རིང་འཚོ་གནས་ཐུབ་ཆེད་སྨན་བཅོས་དང་། དབྱེ་འབྱེད་མེད་པར་མི་ཚེ་དོན་སྙིང་ལྡན་པའི་ངང་འཚོ་ཐུབ་ཆེད་སྤྱི་ཚོགས་ཀྱི་ནུས་སྟོབས་གོང་འཕེལ་གཏོང་རྒྱུ་བཅས་ཕྱོགས་གཉིས་ཐད་ནས་རོགས་སྐྱོར་བྱ་རྒྱུ་དེ་ཡིན། ལས་འཆར་དེ་ལ་གཞི་རྒྱ་ཆེ་བའི་སྔོན་འགོག་གི་རྣམ་པ་ཞིག་ཡོད་པ་ནི་དེས་རྒྱ་ཆེ་མང་ཚོགས་སྤྱི་དང་། ཡང་སྒོས་ལོ་ལྟར་གཞོན་སྐྱེས་དང་སློབ་གྲྭར་སྐྱོད་བཞིན་པའི་སློབ་ཕྲུག་རྣམས་ཀྱི་ཐོག་ནད་གཞི་འགོག་སྡོམ་བྱ་རྒྱུར་དམིགས་འབེན་བཟུང་བཞིན་ཡོད། ད་རིང་ནི་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་བརྒྱུད་རྒྱ་གར་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཡོངས་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་སློབ་གྲྭ་ཁག་གི་ནང་འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ང་ཚོས་ཉིན་མོ་འདི་སྲུང་བརྩི་ཞུ་དགོས་དོན་ནི་འབྱུང་འགྱུར་གཉན་ནད་རེག་དུག་གི་ནད་གཞི་མེད་པའི་ཚོགས་སྡེ་ཞིག་དང་། གཉན་ནད་རེག་དུག་མེད་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ནད་གཞི་དེའི་སྐོར་ལ་ཕན་ཚུན་དབར་ཤེས་ཡོན་སློབ་གསོ་སྤེལ་རེས་དང་། ནད་གཞི་ཕོག་པ་རྣམས་ལ་སྨན་བཅོས་དང་གསར་དུ་མི་འཕོག་པའི་སྔོན་འགོག་ཆེད་འབད་བརྩོན་བྱ་རྒྱུར་རང་ངོས་ནས་དྲན་སྐུལ་གཏོང་དགོས་པ་ཡིན།
འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མིའི་ཚོགས་སྡེ་ཁག་གི་ནང་གཉན་ནད་རེག་དུག་གི་ནད་གཞིའི་ཐད་ཤེས་ཡོན་སློབ་གསོ་མཁོ་སྤྲོད་བྱེད་པའི་བརྒྱུད་རིམ་ནང་འཕྲད་པའི་དམིགས་བསལ་གྱི་དཀའ་ཚེགས་རྣམས་ལ་བགྲོ་གླེང་བྱ་ཆེད་ངོས་ནས་ཉེ་ལམ་སྤྱི་ཁྱབ་འགན་འཛིན་པི་ཡཱ་སཱོ་ཁར་ (Piya Sorcar) གྱིས་སྣེ་འཁྲིད་པའི་གཉན་ནད་རེག་དུག་གི་སློབ་སྟོན་ཚོགས་ཆུང་ (TeachAIDS team) དྷ་སར་གདན་འདྲེན་ཞུས་ཡོད། ངོས་དང་གཉན་ནད་རེག་དུག་གི་སློབ་སྟོན་བར་གྱི་འབྲེལ་བ་ནི་སྦེལ་ཀོབ་དང་ཨོ་རི་སར་ཡོད་པའི་བོད་མིའི་གཞིས་ཆགས་ནང་བོད་པའི་སློབ་ཕྲུག་རྣམས་ལ་གཉན་ནད་རེག་དུག་དང་། ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞིའི་སྐོར་ལ་ཤེས་ཡོན་གྱི་གོ་རྟོགས་སྤེལ་ཆེད་ངོས་ནས་གཉན་ནད་རེག་དུག་སློབ་སྟོན་གྱི་རྒྱུ་ཆ་རྣམས་བེད་སྤྱོད་གཏོང་སྐབས་ནས་བྱུང་ཡོད། གཉན་ནད་རེག་དུག་གི་སློབ་སྟོན་ནི་ཨ་རིར་རྟེན་གཞིས་བྱས་པའི་སྙན་གྲགས་ཅན་གྱི་སེ་ཊན་ཕོཌ་གཙུག་ལག་སློབ་གཉེར་ཁང་ (StanfordUniversity)
གིས་དབུ་འཛུགས་གནང་བའི་ཁེ་མེད་སྤྱི་ཚོགས་ཀྱི་ཚོང་གཉེར་སྒྲིག་འཛུགས་གཟེངས་ཐོན་གྱི་བྱ་དགའ་ཐོབ་མྱོང་མཁན་ཞིག་ཡིན། ཁོང་ཚོས་ཐོན་སྤེལ་བྱས་པའི་འཕྲོད་བསྟེན་སློབ་གསོའི་རྒྱུ་ཆ་རྣམས་ནི་རིག་གཞུང་གི་ཆ་ནས་ཚོར་སྐྱེན་ཟབ་ཅིང་སྨན་བཅོས་ཀྱི་ཆ་ནས་ཁ་གསལ་བ། ད་དུང་གོ་བདེ་ཞིང་རྟོགས་སླ་བས་མང་ཚོགས་སྡེ་ཁག་ཀུན་གྱིས་ཤེས་རྟོགས་ཐུབ་ངེས་སུ་གྱུར་ཡོད། གཉན་ནད་རེག་དུག་སློབ་སྟོན་གྱི་ལས་འགུལ་དེ་ནི་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ཁག་ ༧༠ ལྷག་ཙམ་གྱི་ནང་སྤེལ་ཡོད་ཅིང་། ད་ལྟའི་ཆར་འགུལ་རིས་གློག་བརྙན་གྱི་མཉེན་ཆས་བཀོལ་སྤྱོད་བྱས་པ་བརྒྱུད་རིག་གཞུང་གི་ཆ་ནས་འོས་འཚམ་ལྡན་པའི་གཉན་ནད་རེག་དུག་དང་། ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞིའི་ཐོག་ཤེས་ཡོན་སློབ་གསོ་སྤེལ་བའི་བྱ་གཞག་ནང་རྒྱལ་སྤྱིའི་རང་བཞིན་གྱི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད།
ད་རིང་ངོས་ནས་གསལ་བསྒྲགས་དམིགས་བསལ་བ་ཞིག་སྤེལ་རྒྱུ་ཡོད་པ་ནི། ངོས་ནས་ཁྱེད་རྣམ་པ་ཡོངས་ལ་སྤོབས་པ་དང་བཅས་ཞུ་རྒྱུར་བོད་མིའི་རིག་གཞུང་གོམས་སྲོལ་དང་མཐུན་ཞིང་བོད་མི་རང་ཉིད་ཀྱི་སྐད་ཡིག་ནང་གཉན་ནད་རེག་དུག་དང་འབྲེལ་བའི་དམིགས་བསལ་འགུལ་རིས་གློག་བརྙན་གྱི་ཤེས་ཡོན་གོ་རྟོགས་ཀྱི་རྒྱུ་ཆ་ཞིག་ཐོན་སྤེལ་བྱ་ཆེད་འདི་ག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གཉན་ནད་རེག་དུག་གི་སློབ་སྟོན་སྒྲིག་འཛུགས་དང་ལྷན་དུ་གཞུང་འབྲེལ་རང་བཞིན་གྱི་མཉམ་ལས་ཀྱི་འབྲེལ་ལམ་ཞིག་གཏོད་ཡོད། ངོས་ནས་ལོ་མང་ཞིག་གི་སྔོན་ནས་ཁོང་རྣམ་པའི་རྒྱུ་ཆ་དང་སྣེ་འཁྲིད་ཀྱི་ནུས་པར་བསྔགས་བརྗོད་ཞུ་བཞིན་ཡོད་ལ། ངོས་ནས་སྤྲོ་སེམས་ཆེན་པོའི་སྒོ་ནས་སྙན་སེང་ཞུ་རྒྱུར་གཉན་ནད་རེག་དུག་སློབ་སྟོན་གིས་གོ་རྟོགས་སྤེལ་བའི་འགུལ་རིས་གློག་བརྙན་དམིགས་བསལ་ཅན་དེ་ནི་བོད་སྐད་ནང་རིན་མེད་ཐོག་སྐྱེ་བོ་ཀུན་ལ་བགོ་འགྲེམས་བྱ་རྒྱུ་ཡིན་པ་རེད། འཛམ་གླིང་ས་ཕྱོགས་ཀུན་ཏུ་ཡོད་པའི་བོད་མིའི་ཚོགས་སྡེ་ཁག་ཏུ་ཕན་ཐོགས་ངེས་ཅན་ཞིག་ཡོང་ངེས་སུ་འགྱུར་བའི་གསར་གཏོད་རང་བཞིན་གྱི་བྱ་གཞག་དེའི་འཕེལ་རིམ་ནང་གཉན་ནད་རེག་དུག་གི་སློབ་སྟོན་ཚོགས་ཆུང་དང་དེ་མིན་གྱི་དང་བླངས་ཞབས་ཞུ་བ་མང་དག་ཅིག་གིས་གལ་འགངས་ཅན་གྱི་ལེགས་སྐྱེས་འབུལ་གནང་བར་འདི་ག་འཕྲོད་བསྟེན་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་དང་ཕུར་བུ་ཀྲི་རྣམ་རྒྱལ་ལགས་གཉིས་ནས་འགུལ་རིས་གློག་བརྙན་གྱི་བཟོ་བསྐྲུན་ཐད་དུས་ཚོད་དང་སྒྲ་འཇུག་མཉམ་ལས་སོགས་ཀྱི་མཐུན་འགྱུར་རོགས་འདེགས་གནང་བར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
འདི་ལོའི་ཕྱི་ཟླ་ ༡༢ པ་ཧྲིལ་པོའི་ནང་རྒྱ་གར་དང་བལ་ཡུལ་གྱི་ཕྱོགས་མཐའ་ཁག་ཏུ་ཡོད་པའི་བོད་མིའི་གཞིས་ཆགས་དང་སློབ་གྲྭ། དེ་བཞིན་བོད་མི་སུད་ཚོང་བའི་ས་ཁུལ་ཁག་ཡོངས་ལ་དམིགས་ཏེ་གཉན་ནད་རེག་དུག་གི་ནད་གཞིའི་གོ་རྟོགས་སློབ་གསོ་སྤེལ་རྒྱུའི་ལས་འགུལ་ཆེད་འབད་འབུངས་ཞུ་རྒྱུ་ཡིན། ད་ལྟའི་ཆར་ལྷན་ཁང་འདི་ནས་གཉན་ནད་རེག་དུག་གི་ལས་གཞི་བརྒྱུད་མུ་མཐུད་རྒྱབ་སྐྱོར་འཐོབ་བཞིན་པ་ནད་པ་གྲངས་ ༣༠ ལྷག་ཙམ་དང་། དེ་བཞིན་གཉན་ནད་རེག་དུག་གི་ནད་གཞི་ཕོག་པའི་ནད་པ་དེབ་སྐྱེལ་བྱས་པ་གྲངས་ ༦༠ ཙམ་ཆགས་ཡོད། ང་ཚོའི་ངོས་ནས་གཉན་ནད་རེག་དུག་གིས་ཟིན་པའི་ནད་པ་གང་མང་མདུན་དུ་ཐོན་ཐུབ་ཐབས་དང་། ཁོང་ཚོ་ཡུན་རིང་འཚོ་གནས་ཐུབ་ཆེད་རྒྱབ་སྐྱོར་ཞུ་རྒྱུར་སྐུལ་མ་བྱེད་བཞིན་ཡོད།
ང་ཚོའི་སྤྱི་ཚོགས་ཀྱི་མ་འོངས་པ་ནི་ང་ཚོ་ཚང་མའི་སྟེང་དུ་གནས་ཡོད་པས། མཉམ་རུབ་བྱས་ཚེ་ང་ཚོས་གཉན་ནད་རེག་དུག་དང། ལུས་ཟུངས་ཟད་པའི་གཉན་ནད་ཀྱི་ནད་གཞི་ཁྱབ་འཕེལ་འགྲོ་རྒྱུ་འགོག་ཐུབ་ངེས་ཡིན་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ ལ།།