ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་འོག་རྡ་ས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་ནང་དུ་འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུའི་སྦྱོང་བརྡར་འགོ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༠ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློ་ཚེ་རིང་དབང་ཕྱུག་མཆོག་དང་། འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུའི་འབྲེལ་མཐུད་པ་བསྟན་འཛིན་ཚེ་དབྱངས་ལགས། དེ་བཞིན་ས་གནས་ཁག་ ༡༨ ནས་ཕེབས་པའི་སྨན་ཞབས་པ་དང་འཕྲོད་ལས་པ། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༣༠ བརྒལ་བའི་དབུས་སུ་བཀའ་བློན་མཆོག་གིས་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་གྲངས་ཐོ་ལས་གཞི་ཚན་པའི་སྡེ་ཚན་འགན་འཛིན་བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་རྣམ་པ། ཁྱབ་ཁོངས་སྨན་ཁང་ཁག་གི་གྲངས་ཐོ་ལས་གཞིའི་ཐོག་ཕྱག་ལས་གནང་མཁན་ཚང་མར་ཐོག་མར་ངས་འཕྲོད་བསྟེན་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་འདིར་འཕྲོད་བསྟེན་གྲངས་ཐོ་ཕྱོགས་བསྡུའི་ཟབ་སྦྱོང་ཞིག་འགོ་འཛུགས་ཀྱི་ཡོད། གོང་དུ་ཚེ་དབྱངས་ལགས་ཀྱིས་འཕྲོད་བསྟེན་གྲངས་ཐོ་ལས་གཞི་སྐོར་ཞིབ་ཕྲ་གསུངས་སོང་། འཕྲོད་བསྟེན་ལས་ཁུངས་ཀྱི་གལ་ཆེ་ལས་གཞི་ཁོངས་ནས་འཕྲོད་བསྟེན་གྲངས་ཐོ་ལས་གཞི་གལ་ཆེ་ཤོས་ཆགས་ཀྱི་ཡོད། རྣམ་པ་ཚོ་ས་ཐག་རིང་པོ་ནས་འདིར་ཟབ་སྦྱོང་དུ་ཕེབས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་ཇི་འདྲ་ཞིག་སྤེལ་བ་ཡིན་ན། གྲངས་ཐོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག ཕྱི་ལོ་ ༢༠༠༩ ནས་འགོ་འཛུགས་ཏེ་ལོ་རེ་བཞིན་འཕྲོད་བསྟེན་གྲངས་ཐོ་དེ་རིམ་པས་ཡར་རྒྱས་ཕྱིན་ཡོད། འདི་ལོ་ནས་བཟུང་བཙན་བྱོལ་བོད་མིའི་སྨན་ཁང་ཡོངས་ལ་ཁྱབ་ཀྱི་ཡོད། འདི་ལོའི་ཕྱི་ཟླ་ ༡ ནས་བཟུང་འཕྲོད་བསྟེན་གྲངས་ཐོ་མེད་པའི་སྨན་ཁང་གཅིག་ཀྱང་མེད། འཕྲོད་བསྟེན་གྲངས་ཐོའི་ལས་གཞི་འདི་ཚགས་ཚུད་ཆགས་ན། དེའི་ཐོག་ནས་ང་རང་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་ཡག་པོ་དང། རྟོགས་ཞིབ་གང་འདྲ་བྱེད་དགོས་ཡོད་མེད། འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་ཐོག་འཆར་གཞི་སྒྲིག་རྒྱུ་སོགས་ཀྱི་ཐོག་ཁྱད་པར་ཆེན་པོ་བཟོ་གི་རེད།
འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་འཕྲོད་བསྟེན་དང་འབྲེལ་བ་ཡོད་པའི་ལས་གཞི་མང་པོ་ཞིག་སྤེལ་དང་སྤེལ་མུས་ཡིན། དཔེར་ན། མ་དང་བྱིས་པའི་འཕྲོད་བསྟེན། ཀྲི་བི་ནད་གཞི་སྔོན་འགོག གཉེན་ནད་རེག་དུག་སོགས་ཀྱི་ཐོག་ལོ་ལྟར་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད། འོན་ཀྱང་ལས་གཞི་དེ་དག་གི་ནང་ནས་ལས་གཞི་གལ་ཆེ་ཤོས་འཕྲོད་བསྟེན་གྲངས་ཐོ་ལས་གཞི་འདི་རྩི་བཞིན་ཡོད་པ་ལྟར། འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་གྲངས་ཐོར་ཞིབ་འཇུག་ཡག་པོ་བྱེད་ནས་མ་འོངས་པར་འཆར་གཞི་གང་སྒྲིག་རྒྱུ་འདུག་དང་། སྤྱི་ཚོགས་ནང་ན་ཚ་ཉུང་དུ་གཏོང་རྒྱུར་འཆར་གཞི་ག་འདྲ་སྒྲིག་དགོས་ཀྱི་འདུག སྔོན་འགོག་གང་འདྲ་བྱེད་དགོས་ཀྱི་འདུག དེ་བཞིན་འཕྲོད་བསྟེན་སློབ་གསོ་ལས་འགུལ་གང་འདྲ་སྤེལ་དགོས་ཀྱི་འདུག མདོར་ན་འཕྲོད་བསྟེན་གྲངས་ཐོ་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་འདུག དེར་བརྟེན་ཚང་མས་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་འདིར་ཐུགས་སྣང་ཆེན་པོ་གནང་རོགས་ཞུ་རྒྱུ་ཡིན།
ཀྲི་བི་དང་མ་དང་བྱིས་པའི་ལས་གཞི་འདི་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞི་ཁག་གི་ནང་ནས་ལས་གཞི་གལ་ཆེན་པོ་ཞིག་ཆགས་ཡོད། དེ་ནས་གཉེན་ནད་རེག་དུག་གི་ཐོག་ལོ་ལྟར་ཟབ་སྦྱོང་དང་གོ་རྟོགས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད། ནད་གཞི་འདིའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱག་ལས་གནང་བའི་ཐོག་ནས་གྲུབ་འབྲས་ག་ཚོད་ཐོན་གྱི་ཡོད་མེད་དང་། ནད་གཞི་འདི་ཉུང་དུ་ཕྱིན་ཡོད་མེད། ན་ཚ་དེ་ས་གནས་གང་ནས་མང་བ་ཡོང་གི་ཡོད་མེད་དེ་དག་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག ད་ལྟའི་འཕྲོད་བསྟེན་གྱི་གྲངས་ཐོ་ལས་གཞི་འདིའི་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་ནང་ཡོད་པ་དེ་མ་གཏོགས་སློབ་གྲྭ་ཆེ་ཁག་དང་། དགོན་སྡེ་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྨན་ཁང་། སྨན་རྩིས་ཁང་བཅས་ཀྱི་གྲངས་ཐོ་སླེབས་ཀྱི་མེད། འོན་ཀྱང་མ་འོངས་པར་རིམ་པས་སླེབས་ཐུབ་ཐབས་འཆར་གཞི་སྒྲིག་བཞིན་ཡོད། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ལ་ལས་གཞི་གལ་ཆེ་བ་ལྔ་རྩི་བཞིན་ཡོད།
༡༽ འཕྲོད་བསྟེན་གྲངས་ཐོ་ལས་གཞི་གལ་ཆེ་ཤོས་རྩི་བཞིན་ཡོད།
༢༽འཕྲོད་བསྟེན་གོང་འཕེལ་གཏོང་རྒྱུའི་ལས་གཞི་མང་དག་ཅིག་བྱས་དང་བྱེད་མུས་ཡིན་པ་དེ་དག་སྔར་ལྷག་མུ་མཐུད་ནས་འགྲོ་ཐུབ་རྒྱུ།
༣༽འཕྲོད་བསྟེན་ལས་ཁུངས་ནས་སྨན་བཅོས་རིམ་པ་གཉིས་པ། གསུམ་པ་དང་འབྲེལ་བ་ཡོད་པའི་ཐོག་ནས་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཡིན།
༤༽ལས་བྱེད་ཀྱི་ནུས་ཤུགས་ཆེ་རུ་གཏོང་རྒྱུ།
༥༽སྤྱིར་བཏང་གཞིས་ཆགས་ཁུག་ཀྱོག་རིགས་ལ་འཕྲོད་བསྟེན་གྱི་སྨན་ཁང་ཡོད་ཀྱང་ད་དུང་ཡང་སྨན་བཅོས་ཀྱི་རིམ་པ་དང་པོ་ཡང་ཡག་པོ་ཞིག་གནང་མི་ཐུབ་པའི་གནས་སྟངས་མང་དག་ཅིག་ཡོང་གི་འདུག དེའི་ཐོག་འཕྲོད་བསྟེན་ལས་ཁུངས་ནས་ཤུགས་སྣོན་རྒྱག་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གྲུབ་མཚམས་ཐེངས་འདིའི་ཟབ་སྦྱོང་འགོ་འཛུགས་གནང་ཡོད། །