ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༩ ཉིན་མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་གི་ཁྲོམ་གཞུང་དུ། བོད་མི་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་ལུས་ལ་བོད་ཆས་གྱོན་ཞིང་རྒྱབ་ཏུ་ཆོས་དར་ཆེན་པོ་ཞིག་གྱོན་ཏེ། ༸གོང་ས་མཆོག་གི་སྐུ་པར་མགོ་ལ་འཕྱར་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ས་གནས་སུ་ཡོད་པའི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ཁོང་ས་གནས་གང་དུ་བཙན་ཁྲིད་བཙོན་འཇུག་བྱས་པ་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་ཐུབ།
བཀྲ་ཤིས་དོན་གྲུབ་ལགས་ནི། མདོ་སྨད་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་དཔོན་སྐྱ་སྡེ་བ་ནས་ཡིན་འདུག
དེ་བཞིན་ཕྱི་ཚེས་ ༢༠ ཉིན་མཛོ་དགེ་རྫོང་ནས་རྒྱང་ཐག་སྤྱི་ལེ་ ༥༠ ཙམ་གྱི་སར་ཡོད་པའི་ཐང་སྐོར་སྲོག་ཚང་སྡེ་པའི་དར་རྒྱས་ཚང་གི་ཡེ་ཤེས་ལགས་ཀྱང་འཛིན་བཟུང་བྱས་ཡོད་པ་དང་། ཡེ་ཤེས་ལགས་ནི་རང་ལོ་སུམ་ཅུའི་ཡན་ཙམ་ཡིན་པ་དང་། བཀྲ་ཤིས་དོན་གྲུབ་ལགས་ཀྱི་ཨ་ཁུ་ཡིན་འདུག་པ་བཅས།།