༢༠༡༥ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།
གསར་འགོད་གསལ་བསྒྲགས།
༄༅། །དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གྱི་དཔེ་དེབ་ “The Panchen Lama Lineage: How Reincarnation is being Reinvented as a Political Tool” ཞེས་པ་འདི་དབུ་འབྱེད་ཞུ་རྒྱུ་ཡིན། དེབ་འདི་ཕྱི་དྲིལ་ལས་ཁུངས་ནས་དེ་སྔ་ཕྱི་ལོ་ ༡༩༩༥ ལོར་པཎ་ཆེན་རིན་པོ་ཆེའི་སྐོར་ལ་དེབ་ཆུང་ཞིག་བཏོན་ཡོད་པ་དེའི་ཐོག་སླར་ཡང་གནས་ཚུལ་ཁ་སྐོང་ཞུས་པ་ཞིག་ཡིན།
དེབ་འདིའི་ནང་དོན་གཙོ་བོ་ནི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་དོན་རྐྱེན་དང་། གནད་དོན་དེ་དང་འབྲེལ་བའི་ཐོག་འཛམ་གླིང་སྲིད་གཞུང་དང་གྲོས་ཚོགས་ཁག དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཇི་འདྲ་བྱས་པ། ད་དུང་རྒྱ་ནག་མཁས་པ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་རྣམས་ནས་དེའི་ཐོག་དཔྱད་ཞིབ་གཏིང་ཟབ་བྱས་པ་རྣམས་ཀྱང་གསལ་འདོན་ཞུས་ཡོད།
ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་ཡོད། དེ་རྗེས་ཉིན་གསུམ་ལས་མ་སོང་བར་རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ཏེ་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་དགུང་ན་ཆུང་ཤོས་གྲས་ཤིག་ཆགས་ཡོད།
པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་དེས་རྒྱ་དམར་གཞུང་གིས་བོད་ས་བཙན་འཛུལ་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཇི་ཙམ་གཏོང་བཞིན་ཡོད་པའི་རྣམ་པ་གསལ་པོར་མཚོན་ཐུབ། ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུའང་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བྱུང་མེད་པའི་ཁར། རྒྱ་ནག་གཞུང་ནས་ད་བར་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་རྣམས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཡིན་སྐོར་གསལ་བཤད་གང་ཡང་བྱས་མེད།
བོད་ནང་དུ་གཞིས་ལུས་བོད་མི་ཚོར་རྒྱ་ནག་གཞུང་གིས་ཁ་བྲལ་བ་དང་། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱེད་མཁན། དེ་བཞིན་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་ཚུལ་སོགས་བསྙོན་འཛུགས་སྣ་ཚོགས་འོག་གང་བྱུང་བཙོན་འཇུག་བཀག་ཉར་བྱས་པ་དང་། ཁྲིམས་ལུགས་དང་རྩ་བ་ནས་མི་མཐུན་པའི་ཉེས་ཆད་བཀལ་བ་སོགས་བྱེད་བཞིན་ཡོད། གཞིས་ལུས་བོད་མི་ཚོས་ཞི་བའི་ལམ་ནས་རྔམ་སྟོན་ཁྲོམ་སྐོར་ཙམ་ཡང་བྱ་རྒྱུའི་ཐོབ་ཐང་མ་སྤྲད་པར་འཕྲལ་མར་འཛིན་བཟུང་བཀག་ཉར་དང་མནར་གཅོད་གཏོང་བཞིན་ཡོད། དེ་ལྟ་བུའི་དམ་བསྒྲགས་མནར་གཅོད་ཀྱི་གནས་སྟངས་འོག་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ད་བར་བོད་ནང་དུ་བོད་མི་ ༣༠ ཙམ་དམར་གསོད་བཏང་བ་དང་གཞན་བོད་མི་ ༤༠ ལྷག་ཙམ་ལ་ལོ་ ༡༠ ལས་ལྷག་ཁྲིམས་ཆད་བཏང་ཡོད་པ་ཁུངས་སྐྱེལ་ར་སྤྲོད་ཐུབ་པ་བྱུང་ཡོད། དེར་བརྟེན་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ས་ཡོངས་སུ་ཁྱོན་རྒན་དར་གཞོན་གསུམ་ཁྲོད་བོད་མི་གྲངས་ ༡༤༢ ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད། དཔེ་དེབ་འདིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་སྐོར་རྩ་བ་ནས་མི་ཤེས་མཁན་དང་ཕྲན་བུ་རྒྱུས་མངའ་ཡོད་པ་རྣམས་ལ་ཐུགས་ཕན་གསོ་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ལ།།