༢༠༡༥ ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་གར་བོད་ཀྱི་ཟློས་གར་ཚོགས་པ་ ནས་བཏང་གནས་ནང་འཁོད་དོན། ལྷོ་ཀོ་རི་ཡར་རྟེན་གཞི་བྱས་པའི་ Seok Cheon Temple དགོན་པའི་མཁན་ཆེན་ Jinok Sunim མཆོག་ནས་མགྲོན་འབོད་ཞུས་པ་བཞིན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་དབུས་བོད་ཀྱི་སྒྱུ་རྩལ་བ་རྣམས་དྷ་ས་ནས་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཕེབས་ཐོན་གྱིས། ཕྱི་ཚེས་ ༡༧ ཉིན་ལྷོ་ཀོ་རི་ཡེའི་རྒྱལ་ས་སི་ཡོལ་ Seoul བརྒྱུད་ཀོ་རི་ཡའི་གྲོང་འཁྱེར་ Yeasu city དུ་འབྱོར། ཕྱི་ཚེས་ ༡༩ ཉིན་ས་ཁུལ་དེར་ནང་པའི་དགོན་པ་རྟེན་དང་བརྟེན་པ་གསར་བཞེངས་ལེགས་གྲུབ་བྱུང་བར། གཞུང་རྟེན་གནས་ཆུང་སྐུ་རྟེན་མཆོག་ནས་བཀྲིན་ཆེ་ཐོག་མཛད་སྒོའི་ཐོག་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུས།
ཕྱི་ཚེས་ ༢༠ ཉིན་ Yeasu རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་ Yeasu མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Chul Hyeon Ju ཆུལ་ཧེ་ཡོན་འཇུ་མཆོག་གིས་དབུས་བློན་ཆེན་རྣམ་པ། ཀོ་རི་ཡའི་ནང་པའི་ཚོགས་གཙོ་མཆོག མཁན་ཆེན་ཇི་ནོཀ་སུ་ནིམ་མཆོག་གིས་དབུས་བླ་ཆེན་རྣམ་པ་བཅས་ Yeasu མངའ་སྡེའི་གནད་ཡོད་མི་སྣ་ཆིག་སྟོང་བརྒལ་བར་བོད་ཀྱི་རིག་གཞུང་གི་དུས་སྟོན་དབུ་འཛུགས་ཀྱི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་བོད་ཀྱི་གནད་དོན་སྤྱི་དང༌། བོད་ཀྱི་རིག་གཞུང། བོད་ཀྱི་ཟློས་གར་ཚོགས་པའི་སྐོར་ངོ་སྤྲོད་གསུང་བཤད་གནང་རྗེས། རིམ་བཞིན་ཆུ་ཚོད་གཉིས་རིང་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུས་པ་དེར་མང་ཚོགས་ནས་དགའ་མོས་ཤུགས་ཆེ་གནང་བ་མ་ཟད། དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་བོད་ཀྱི་རིག་གཞུང་སྙན་འཇེབས་ལྡན་པའི་འཁྲབ་སྟོན་ཧ་ཅང་ལེགས་པོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ལྟ་བུའི་ཁྱད་ནོར་ལྡན་པའི་རིག་གཞུང་ཀོ་རི་ཡའི་མང་ཚོགས་སུ་ཡང་ཡང་སྟོན་ཆེད་ཕེབས་གནང་ཡོང་བའི་འབོད་སྐུལ་གནང་བ་མ་ཟད། མང་ཚོགས་ནས་བོད་ཀྱི་རིག་གཞུང་ལ་ཧ་ཅང་དགའ་མོས་ཆེན་པོ་ཐོབ་ཐུབ་པ་བྱུང༌། ཞེས་གསུངས། དེ་རྗེས་བོད་ཀྱི་གཞུང་རྟེན་གནས་ཆུང་སྐུ་རྟེན་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་། བོད་ཀྱི་ཟློས་གར་ཚོགས་པས་མངའ་སྡེའི་སྤྱི་ཁྱབ་མཆོག་ལ་བོད་ཀྱི་ལག་ཤེས་སྒྱུ་རྩལ་ལས་གྲུབ་པས་ཕྱག་རྟགས་ཕུལ་པར་དགའ་ཚོར་ཆེན་པོ་གནང་། ད་ཐེངས་བོད་ཀྱི་ཟློས་གར་ཚོགས་པ་ཀོ་རི་ཡར་རིག་གཞུང་འཁྲབ་སྟོན་ཐོག་མ་དེ་ཡིན་པ་དང་། དེ་གའི་མང་ཚོགས་ཀྱིས་དགོས་མདུན་བཞིན་བསྐྱར་ནས་ངོ་བཅར་ཞུ་རྒྱུའི་ཁས་ལེན་གནང་རྗེས་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་དུ་ཕྱིར་འབྱོར་བྱུང་བ་བཅས།།