ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་རྒྱ་གར་གྱི་ཇ་ན་ཏ་དལ་ཆིག་སྒྲིལ་ Janata DalUnited ཆབ་སྲིད་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨ་རུན་ཀུ་མཱར་ཤྲི་ཝཱསྟབ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཚུ་ཆོད་ ༢ ཐོག་བོད་མི་མང་སྤྱི་འཐུས་ཨ་ཅྰ་རྱཱ་ཡེ་ཤེས་ཕུན་ཚོགས་ལགས་དང་། ཇ་ན་ཏ་དལ་ཆིག་སྒྲིལ་ཆབ་སྲིད་ཚོགས་པའི་རྒྱལ་ཡོངས་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨ་རུན་ཀུ་མར་ལགས། ཚོགས་པའི་འཛིན་སྐྱོང་གི་དྲུང་ཆེ་ Afaque Ahmad Khan ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ཉི་ཤུ་ཙམ་འདུ་འཛོམས་ཀྱིས་ཐོག་མར་སྤྱི་འཐུས་ཨ་ཅྰརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གནང་དོན། དེ་རིང་འདིར་རྒྱ་གར་རྒྱལ་ཡོངས་ཀྱི་སྲིད་དོན་ཚོགས་པ་དྲུག་དང་དེ་བཞིན་མངའ་སྡེའི་སྲིད་དོན་ཚོགས་པ་བཅས་དེབ་སྐྱེལ་ཡོད་པའི་སྲིད་དོན་ཚོགས་པ་ཁག་རྒྱ་གར་གྱི་འོས་བསྡུ་ཆེན་མོར་མཉམ་ཞུགས་དང་ཆ་ཤས་བླང་མཁན་ ༤༥ ཡོད་པ་རེད། དེའི་ནང་ནས་རྒྱ་གར་གྱི་སྲིད་དོན་ཚོགས་པ་རྙིང་པ་ཆེ་ཁག་སྲོལ་གཏོད་པ་པོའི་ནང་ཆ་བཞག་ནའང་རྒྱ་གར་གྱི་རང་དབང་འཐབ་རྩོད་པ། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་གྱི་དུས་སྟོན་དུ་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་རྒྱ་གར་གཞུང་དང་། མ་ཧ་བྷོ་དི་ཚོགས་པ་གཉིས་ཀྱི་ཟུང་འབྲེལ་ཐོག་ནས་ཞིང་གཤེགས་དམ་པ་སྐུ་ཞབས་ཇ་ཡཱ་པྲ་ཀཱཤ་ན་རཱ་ཡན་མཆོག་སྐབས་དེ་དུས་མཇལ་འཕྲད་ཞུས་ཡོད།
ལྷག་པར་ཁོང་གི་ལྟ་གྲུབ་དང་དགོངས་ཚུལ་གཅིག་གྱུར་ཡོད་པའི་བོད་སྐྱོབ། ཧི་མཱ་ལ་ཡ་སྐྱོབ། ཞེས་པ་དེ་ལྟ་བུའི་སྲིད་དོན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤ་རདྡ་ཡཱ་དབ་ (Sharad Yadav) མཆོག་རེད། ལྷག་པར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཉམས་རྒུད་ཕྱིན་པའི་སྐབས་སླར་གསོ་གནང་མཁན་ཝ་ཤིཤྚ་ན་ར་ཡན་སིངྒ་མཆོག་གི་སྲིད་དོན་ཚོགས་པའི་རྒྱབ་ཀྱི་ཀ་བ་ལྟ་བུ་འདི་སྲིད་དོན་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་སྲིད་དོན་ཚོགས་པའི་འཛིན་སྐྱོང་དྲུང་ཆེ་སྐུ་ཞབས་ཨ་རུན་ཀུ་མཱར་ཤྲི་ཝཱསྟབ་Shri Arun Kumar Shrivastav མཆོག་དེ་རིང་འདིར་ཕེབས་ཡོད། ཁོང་གི་ལས་ཁུངས་ནི་ཇན་ཏར་མན་ཏར་གྱི་ཉེ་འཁྲིས་སུ་ཡོད། ད་ཐེངས་ཁོང་པ་ལམ་པུར་དུ་JDU སྲིད་དོན་ཚོགས་པའི་ཡན་ལག་གསར་འཛུགས་དང་ཆབས་ཅིག ང་ཚོའི་གྲོགས་པོ་རྙིང་པ་ཡིན་པར་བརྟེན་ཁ་སེང་དགོང་དྲོ་ནས་འདིར་ཕེབས་ཏེ་ཉིན་གཅིག་རིང་གི་ལས་འཆར་སྒྲིག་ཡོད། གཉིས་པ་དེར་སྐུ་ཞབས་ཨ་ཕིཀ་ཨ་ཧ་མད་ཁན་Afaque Ahmad Khan མཆོག་ལས་ཁུངས་ནང་བཅའ་བཞུགས་གནང་སྟེ་འཛིན་སྐྱོང་གི་དྲུང་ཆེ་རེད།
དེ་ཡང་སྔོན་མ་ཇ་ཝེད་ར་ཛད་ལགས་ཀྱི་འབྲེལ་མཐུད་པ། ཁྲིམས་དང་སྤྱི་ཚོགས་ཐོག་ཉམས་མྱོང་ཡོད་མཁན་ཁོང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཡང་ཡང་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཁོང་རང་ཚོའི་སྲིད་དོན་ཚོགས་པའི་ལས་དོན་དང་འབྲེལ་བའི་ཐོག་པ་ལམ་པུར་ཕེབས་ཞོར་དུ་རྡ་སར་ཕེབས་ཡོད། ཁོང་རྣམ་གཉིས་ཀྱིས་ཁ་དགོང་ནས་དེ་རིང་བར་ང་རང་ཚོའི་གནད་ཡོད་མི་སྣ་མང་དག་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། གྲོས་ཚོགས་དང་། བོད་ཀྱི་དཔེ་མཛོད་ཁང་། དེ་བཞིན་ཕྱི་དྲིལ་ལས་ཁུངས་བཅས་སུ་གཟིགས་སྐོར་གྲུབ་བསྟུན། ཁོང་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་ཕྱོགས། དམིགས་བསལ་རྡ་སར་ཕེབས་ཐེངས་དང་པོ་ཡིན་པར་བརྟེན་གཞུང་འབྲེལ་ཐོག་ཁོང་རྣམ་གཉིས་ཀྱི་མྱོང་ཚོར་དང་འབྲེལ་བའི་སོགས་ཀྱི་སྐོར་གསར་འགོད་གསལ་བསྒྲགས་གནང་རོགས་ཞེས་འབོད་སྐུལ་ཞུས་པ་ལྟར་ཞལ་བཞེས་གནང་བ་རེད། ཅེས་ངོ་སྤྲོད་གནང་རྗེས་སྐུ་ཞབས་ཨ་རུན་ཀུ་མར་ལགས་ཀྱི་གསུང་དོན། ང་རང་ཕྱི་ཚེས་ ༡ ཉིན་ང་ཚོའི་ཚོགས་པའི་དྲུང་ཆེ་ Afaque Ahmad Khan དང་ལྷན་རྡ་ས་ཉེ་འཁྲིས་སུ་ཡོད་པའི་པ་ལམ་པུར་དུ་ཚོགས་པའི་ཡན་ལག་གསར་འཛུགས་ཆེད་ཡོང་བ་ཡིན། ང་རང་འདིར་མ་ཡོང་གོང་པ་ལམ་པུར་ (Palampur) ནས་རྡ་ས་བར་ས་ཐག་རིང་ཐུང་ཇི་ཙམ་ཡོད་མེད་ཤེས་ཀྱི་མེད། འོན་ཀྱང་མི་ཞིག་གིས་པ་ལམ་པུར་ནས་རྡ་ས་བར་སྤྱི་ལེ་ ༣༠།༤༠ ཙམ་ལས་མེད་པ་བརྗོད་བྱུང་བར་བརྟེན། སྤྱི་འཐུས་ཨ་ཅྰརྱཱ་ཡེ་ཤེས་ཕུན་ཚོགས་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་བྱས་སྟེ་ཁ་དགོང་འདིར་ཡོང་བ་ཡིན།
དེ་རིང་སྔ་དྲོ་འདིར་ཡོང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། ནང་སྲིད་བཀའ་བློན་མཆོག ཕྱི་དྲིལ་དྲུང་ཆེ་བཅས་དང་མཇལ་འཕྲད་ཀྱིས་བཀའ་བསྡུར་གང་མང་བྱུང་བ་མ་ཟད། བོད་ཀྱི་དཔེ་མཛོད་ཁང་དུའང་འགྲོ་རྒྱུ་བྱུང་། ང་དང་ང་ཚོའི་དྲུང་ཆེ་བཅས་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པ་ནས་ཆབ་སྲིད་ནང་ཡོང་བ་ཡིན། ང་ཚོའི་སྤྱི་ཚོགས་རིང་ལུགས་ཚོགས་པའི་དབུ་ཁྲིད་ཇཡཱ་པྲ་ཀཱཤ་ན་རཱ་ཡན་མཆོག་དང་། རམ་མ་ནོ་ཧར་ལོ་ཧི་ཡ་(Ram ManoharLohia) མཆོག ཨ་ཅྰ་རྱཱ་ན་རེནྡྲཱ་དེབ་མཆོག ཇོར་ཇི་ཕར་ནན་ཌི་སི་མཆོག་བཅས་ནས་དུས་རྟག་ཏུ་བོད་དོན་ཆེད་རྒྱབ་སྐྱོར་ཞུས་ཡོད། རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་དང་བཙན་བཟུང་བྱས་ཏེ་རིམ་བཞིན་བོད་ནང་རྒྱ་ནག་གི་མི་སེར་སྤེལ་མུས་ཡིན་པར་བརྟེན། བོད་མི་རྣམས་བཟོད་ཐབས་བྲལ་ཏེ་བཙན་བྱོལ་དུ་ཡོང་བཞིན་ཡོད། གལ་ཏེ་བོད་དོན་བདེན་མཐའ་གང་མགྱོགས་མ་གསལ་བ་ཡིན་ན། བོད་ནང་བོད་མི་ལས་རྒྱ་མི་མང་བ་ཆགས་ཏེ་བོད་མིའི་ངོ་བོ་བརླགས་སྲིད་པ་རེད། བློ་ཕམ་པ་ཞིག་ལ་ང་ཚོའི་ཆབ་སྲིད་ཚོགས་པ་གཞུང་ནང་བསླེབ་ཀྱི་ཡོད་ནའང་དེ་ཙམ་སྣོན་ཤུགས་སྤྲོད་ཐུབ་ཀྱི་མེད།
རྒྱལ་སྤྱིའི་ཐོག་བོད་ཀྱི་༧སྐྱབས་མགོན་ཏཱ་བླའི་བླ་མ་མཆོག་ལ་དད་གུས་དང་མཚན་སྙན་གྲགས་ཧ་ཅང་ཡོད་པར་བརྟེན། བཙན་བྱོལ་དུ་ཡོད་པའི་བོད་མི་གཞོན་སྐྱེས་རྣམས་ནས་གོ་སྐབས་བཟུང་སྟེ་བོད་དོན་བདེན་མཐའ་གང་མགྱོགས་སེལ་ཐབས་སུ་མུ་མཐུད་འབད་བརྩོན་གནང་དགོས། ཞེས་གསུངས། དེ་རྗེས་ཁོང་གིས་གསར་འགོད་པ་དང་ལྷན་དྲི་བ་དྲིས་ལན་ཡང་གནང་ཡོད་པ་བཅས།།