ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༧ ཉིན་བཞུགས་སྒར་རྡ་སའི་ཉེ་འགྲམ་དབུས་སྣེ་ལེན་འབྲེལ་མཐུད་ཚོགས་ཁང་ནང་འཕྲོད་བསྟེན་ལས་ཁུངས་ནས་གོ་སྒྲིག་ཐོག་བཙན་བྱོལ་བོད་མིའི་འདུས་སྡོད་ས་གནས་ཁག་ ༣༣ ཙམ་ནས་ས་གནས་འགོ་འཛིན་དང་། ས་གནས་སྨན་ཁང་འགན་འཛིན། སྨན་ཞབས་པ། ས་གནས་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༤ ཙམ་ལ་ཉིན་གྲངས་གསུམ་རིང་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ལག་བསྟར་ཞུ་བདེའི་སྐོར་ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག འཕྲོད་བསྟེན་དྲུང་ཆེ་དང་འབྲེལ་ཡོད་ལས་བྱེད་རྣམ་པ། ཟབ་ཁྲིད་པ་རྒྱ་གར་གྱི་ཆེད་ལས་མི་སྣ། ཕྱོགས་མཐའི་ས་གནས་ཁག་ནས་ཟབ་སྦྱོང་དུ་བཅར་མཁན་རྣམ་པ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་།
དེ་ནས་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྐུ་མགྲོན་གྱིས་གཙོས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ཀྱི་འཕྲོད་བསྟེན་རྟོག་ཞིབ་གནང་རྒྱུ་དེ་ཆགས་ཡོད། སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ལ་ཕན་པའི་ལས་གཞི་ནང་ནས་ལས་གཞི་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་སྲོལ་རྒྱུན་དང་ཕྱི་ལུགས་གཉིས་ཀའི་སྒོ་ནས་མང་ཚོགས་ཀྱི་འཕྲོད་བསྟེན་གཟིགས་རྟོག་རྒྱ་ཆེ་གནང་དང་གནང་མུས་རེད། ཁ་སང་ཉིན་གྲངས་ཁ་ཤས་གོང་དུ་འཕྲོད་བསྟེན་གྲངས་ཐོའི་ལས་གཞི་དང་འབྲེལ་བའི་ཟབ་སྦྱོང་འཚོགས་སྐབས་ངས་ཞུས་པ་ཡིན། དེ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་བསྐྱར་དུ་ཞུ་འདོད་བྱུང་། འཕྲོད་བསྟེན་ལས་ཁུངས་ཀྱི་བྱེད་སྒོ་ཁག་མང་པོ་ཞིག་ཡོད་ཁོངས་ནས་ལས་གཞི་གལ་ཆེ་ཤོས་ལྔ་ནི། འཕྲོད་བསྟེན་གྲངས་ཐོའི་ལས་གཞི་དང་། སྔོན་འགྲོའི་འཕྲོད་བསྟེན་ལྟ་སྐྱོང་གི་ལས་གཞི། སྨན་བཅོས་ལྟ་སྐྱོང་གི་ལས་གཞི། འཕྲོད་བསྟེན་དང་འབྲེལ་བའི་ལས་བྱེད་རྣམ་པའི་ནུས་པ་གོང་སྤེལ་གཏོང་རྒྱུ། ས་གནས་ཁུག་ཀྱོག་ཁག་ལ་འཕྲོད་བསྟེན་ཆེད་མཐུན་རྐྱེན་སྐྱོ་བོ་ཡོད་པ་དེ་དག་ཡག་ཏུ་གཏོང་རྒྱུ་བཅས་ཡིན་སྐོར་དང་། དེ་བཞིན་འཕྲོད་བསྟེན་བཀའ་བློན་མཆོག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་གསུང་དོན། ད་ལྟའི་ཆར་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་རྒྱ་གར་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་མ་གཏོགས་ཚུད་ཀྱི་མེད། འོན་ཀྱམ་རིམ་པས་བལ་ཡུལ་ནང་ལས་གཞི་འདི་ཁྱབ་ཐུབ་ཆེད་མཁས་ལས་པ་མང་པོ་ཞིག་གླས་ཏེ་ཞིབ་འཇུག་བྱེད་མུས་ཡིན།
རྒྱ་གར་ནང་འདི་ལོར་ཆ་བཞག་ན་སྨན་བཅོས་ལྟ་སྐྱོང་གི་ལས་གཞིར་འཛུལ་ཞུགས་བྱེད་མཁན་ཁྱོན་མི་གྲངས་ ༡༩༦༥༠ ལྷག་ཙམ་བྱུང་ཡོད། ལས་གཞི་འདི་ཐོག་མ་འགོ་བཙུགས་པ་ནས་བཟུང་ལོ་རེ་བཞིན་མང་ཚོགས་འཛུལ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ལས་གཞི་འདིའི་དཀའ་ངལ་ཆེ་ཤོས་ནི། ད་དུང་ཡང་མང་ཚོགས་ཁྲོད་ལས་གཞི་འདིའི་སྐོར་གོ་རྟོགས་མ་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། ད་ཐེངས་ཀྱི་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་རེད། དེར་བརྟེན་མི་གང་མང་ལས་གཞི་འདིའི་ནང་ཚུད་ཐབས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་ལྟར་གནང་བའི་ཐོག་ནས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཕུགས་རྒྱང་རིང་པོར་གནས་ཐུབ་རྒྱུར་ཁྱད་པར་ཆེན་པོ་ཞིག་བཟོ་གི་རེད་བསམས་ཀྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་འབྲེལ་ཡོད་ལས་བྱེད་ཉི་མ་རྒྱལ་མཚན་ལགས་ཀྱིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་བསྐྱར་བཅོས་ཕྱིན་རྗེས་ལས་གཞི་འདིར་ལག་བསྟར་བྱས་ནས་ཁེ་ཕན་དང་འགྱུར་བ་གང་ཕྱིན་ཡོད་མེད་སྐོར་ངོ་སྤྲོད་སྙིང་བསྡུས་གནང་གྲུབ་མཚམས། སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་བཀའ་ཤག་ཙམ་མ་ཟད་ང་རང་སྒེར་གྱི་ངོས་ནས་ཧ་ཅང་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། འཛམ་གླིང་ནང་སྐྱབས་བཅོལ་བ་ས་ཡ་ ༦༠ ཡོད་ཁོངས་ནས་ང་ཚོ་བོད་མི་འབུམ་གཅིག་དང་ཕྱེད་ཀ་རེད། ས་ཡ་ ༦༠ ནས་འབུམ་གཅིག་དང་ཕྱེད་ཀ་དེ་བརྒྱ་ཆར་བགོས་ན་བརྒྱ་ཆ་གཅིག་དུམ་བུ་བཅུར་བཏང་བའི་གཉིས་དང་ཕྱེད་ཀ་རེད།
ས་ཡ་དྲུག་བཅུའི་ནང་ང་ཚོ་ལས་དཀའ་ངལ་ཆེ་བ་ཡོད་མཁན་མང་པོ་ཡོད། ང་ཚོ་དངོས་གནས་བྱས་ན་སྐྱབས་བཅོལ་བའི་གནས་སྟངས་མ་རེད། ངས་གང་མཐོང་གི་འདུག་ཅེ་ན་ང་ཚོ་སྐྱབས་བཅོལ་བ་ཡིན་ཟེར་ནས་རོགས་དངུལ་ལེན་རྒྱུའི་དུས་ཚོད་རིང་པོ་ལྷག་ཡོད་པ་རེད་བསམས་ཀྱི་མི་འདུག ལོ་ལྔ་དང་བཅུ་རྗེས་ང་ཚོར་རོགས་དངུལ་ལེན་དགོས་པའི་གནས་སྟངས་ལྷག་མི་འདུག་ཅེས་ཟེར་བའི་ཉིན་མ་གཅིག་སླེབས་ཀྱི་རེད། དེར་བརྟེན་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འདི་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ དེ་ལོ་ལྔའི་འཆར་གཞི་གཏིང་དགོས་དོན་ནི་ལས་གཞི་འདི་རང་ཁ་རང་གསོ་ཞིག་ཆགས་ཐུབ་ཐབས་ཀྱི་དམིགས་ཡུལ་འཛིན་ཡོད། གཅིག་ནས་སྐྱབས་བཅོལ་བོད་མིའི་ཁྲོད་དངོས་གནས་རང་ཉམ་ཐག་དཀའ་ངལ་ཡོད་མཁན་ཡོད་སྟབས། ཁོང་ཚོར་དཀའ་ངལ་འཕྲད་སྐབས་འབུམ་གཉིས་གསུམ་སྨན་བཅོས་ཆེད་འགྲོ་སོང་ཕྱིན་ནས་ཁྱིམ་ཚང་ཉམ་འགྲོ་མཁན་དེ་འདྲ་ཡང་ཡོད་པ་དག་ལ་རོགས་པ་བྱས་པ་ཙམ་མ་ཟད། ང་ཚོའི་སྤྱི་ཚོགས་ནང་གི་ཉམ་ཐག་སྐྱོ་བོ་དེ་དག་ལ་འཕྲོད་བསྟེན་དང་དཔལ་འབྱོར་ཐོག་ནས་ཕན་ཐོགས་ཡོང་རྒྱུའི་ལས་གཞི་སྤེལ་བ་དང་ལྷན་རང་ཁ་རང་གསོ་བྱུང་ཐུབ་ཐབས་ཆེད་འབད་བརྩོན་བྱས་ན་མ་གཏོགས། ལག་པ་བཟེད་ནས་བསྡད་ན་རོགས་དངུལ་དེ་མཚམས་ཆད་ན་མི་མང་པོར་དཀའ་ངལ་འཕྲད་ཀྱི་རེད། དེར་བརྟེན་ང་ཚོས་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད།
ད་ལན་མི་འབོར་འཛུལ་ཞུགས་བྱེད་མཁན་མང་དུ་ཕྱིན་ཡོད། ང་ཚོས་ལོ་ལྔའི་ནང་རྩིས་གང་འདྲ་ཞིག་རྒྱག་བཞིན་ཡོད་ཅེས་བརྗོད་ན། ལས་གཞི་འདིའི་ཁོངས་སུ་འཛུལ་ཞུགས་བྱེད་མཁན་མང་དུ་ཕྱིན་པ་དང་། སྨན་དོད་ཞུ་མཁན་གྲངས་ཀ་མང་དུ་ཕྱིན་ཡང་བསྡོམས་ཀྱི་འགྲོ་གྲོན་གྱི་དངུལ་དེ་ཉུང་དུ་འགྲོ་དགོས་ཀྱི་ཡོད། ད་ལོ་འཛུལ་ཞུགས་བྱེད་མཁན་ ༡༩༦༥༠ ནས་ཟླ་བ་བདུན་གྱི་ནང་མི་ ༧༠༠ ཙམ་གྱིས་སྨན་དོད་གུན་གསབ་དེ་ལེན་ཚར་ཡོད། འོན་ཀྱང་ཚུར་ཡོང་བབས་དང་ཕར་འགྲོ་སོང་གཉིས་བསྡུར་ན་ཕར་འགྲོ་སོང་དེ་ཉུང་བ་ཕྱིན་ཡོད། འདི་ལྟར་བྱས་ཏེ་ང་ཚོས་ལོ་ལྔའི་ནང་ཁྲི་ལྔ་བྱུང་ན་སོ་སོའི་རྐང་པའི་སྟེང་ལངས་ཐུབ་སྟེ་རང་ཁ་རང་གསོ་ཆགས་ཐུབ་ཀྱི་རེད། དེར་བརྟེན་ལས་གཞི་འདིར་གལ་ཆེན་པོ་ཞིག་ལ་རྩིས་རོགས་གནང་། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། ཉིན་མ་རྒྱལ་མཚན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད།
སྤྱིར་ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ཁྲོད། སྨན་བཅོས་ལྟ་སྐྱོང་གི་ལས་གཞི་ལག་བསྟར་གནང་ཕྱོགས་དང་། མི་མང་ནང་ལས་གཞིའི་ཁེ་ཕན་སོགས་གསལ་བཤད་གང་ལེགས་ཡོང་ཐབས་སུ་ལམ་སྟོན་གནང་རྒྱུ་ཡིན་འདུག་པ་མ་ཟད། ཟབ་ཁྲིད་པ་རྒྱ་གར་གྱི་ཆེད་ལས་མི་སྣ་གདན་འདྲེན་ཞུས་ཀྱིས་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་འཛུལ་ཞུགས་བྱེད་མཁན་ཇེ་མང་དུ་གཏོང་ཐབས་སོགས་ཀྱི་སྐོར་ལ་ལམ་སྟོན་གནང་འཆར་ཡོད་འདུག་པ་བཅས།།