༢༠༡༥ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕ་རན་སིའི་རྒྱལ་ས་པེ་རི་སིར་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐོག་རྒྱལ་སྤྱིའི་ལྷན་ཚོགས་ཀོབ་ ༢༡ COP21 འཚོགས་བཞིན་པའི་སྐབས་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་གོང་མའི་ French Senate ནང་བཅར་ནས་གྲོས་ཚོགས་གོང་འོག་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་བཅས་ཁྱོན་གྲོས་ཚོགས་འཐུས་མི་གྲངས་ ༡༨ ལྷག་དང་མཇལ་འཕྲད་གནང་བ་མ་ཟད། སྐབས་དེར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མེ་ཀལ་རེ་སེན་ Senator Michel Raison མཆོག་དང་ཇེན་པེ་ཊིག་གི་ལེ་Deputy Jean Patrick Gille མཆོག ནོ་ཝེལ་མ་མ་རེ་ Noel Mamere མཆོག་སོགས་དང་གླེང་མོལ་གནང་འདུག སྐབས་དེར་བཀའ་བློན་མཆོག་གིས་བོད་མཐོ་སྒང་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་གལ་གནད་ཆེ་ཚུལ་ཇི་ཙམ་ཡིན་སྐོར་གསལ་བཤད་ཞུས་པ་དང་སྦྲགས། བོད་ཀྱི་ཁོར་ཡུག་གི་གནད་དོན་དེར་ཆབ་སྲིད་ཀྱི་རྒྱ་ལས་བརྒལ་ནས་འགྲོ་བ་མི་རིགས་སྤྱིའི་བདེ་དོན་དང་འབྲེལ་བའི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པའི་རེ་འདུན་བཏོན་གནང་དོན། འཛམ་གླིང་གི་ལྷོ་བྱང་གི་སྣེ་གཉིས་ཕུད་འཁྱགས་རོམ་དང་འཐུང་ཆུའི་ཆུ་མཛོད་ཆེ་ཤོས་ཡོད་ས་དེ་བོད་ཆགས་ཡོད་སྟབས། བོད་ལ་འཛམ་གླིང་གི་སྣེ་གསུམ་པ། ཞེས་འབོད་བཞིན་ཡོད། ལྷག་པར་གླིང་ཆེན་ཨེ་ཤི་ཡའི་རྒྱུག་ཆུ་ཆེན་པོ་མང་པོ་ཞིག་བོད་ནས་རྒྱུག་བཞིན་ཡོད་པ་སོགས་ལ་བརྟེན་ནས་ལྷོ་ཨེ་ཤི་ཡའི་ཁྱོན་དུ་ཆར་དུས་ཀྱི་འགྲོ་སྟངས་ལ་ཤུགས་རྐྱེན་ཆེན་པོ་བཟོ་བཞིན་ཡོད། ཅེས་གསུངས།
ཐེངས་འདིར་ཕྱི་དྲིལ་བཀའ་བློན་མཆོག་དང་ཕ་རན་སིའི་གྲོས་ཚོགས་འཐུས་མི་མཇལ་འཕྲད་གོ་སྒྲིག་ཞུ་མཁན་ཡུལ་དེའི་གྲོས་ཚོགས་གོང་འོག་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་འདུག གཞན་ཡང་དེ་ཉིན་སྔ་དྲོའི་ཞོགས་ཟས་མཛད་སྒོའི་ཐོག་ཕྱི་དྲིལ་བཀའ་བློན་མཆོག་དང་ལྷན་ཕ་རན་སིའི་ལྟ་གྲུབ་སྨྲ་བ་སྐུ་ཞབས་མེ་རཐིའུ་རི་ཁར་ཌི་ Ven. Matthieu Ricard མཆོག་ཀྱང་ཕེབས་ཡོད་པ་མ་ཟད། བོད་མཐོ་སྒང་གི་གནམ་གཤིས་གལ་གནད་སྐོར་གསུང་བཤད་གནང་འདུག གཞན་ཡང་དེ་ཉིན་གྱི་ཕྱེད་ཡོལ་ཕྱི་དྲིལ་བཀའ་བློན་མཆོག་གིས་ཨ་རི་དང་ཡུ་རོབ་མཐོ་སློབ་ཆེ་ཁག་ནས་ཐོན་པའི་སློབ་ཟུར་ཚོགས་པའི་ Ivy Plus European leaders ལྷན་ཚོགས་སུ་ཕེབས་ནས་བོད་མཐོ་སྒང་གི་གནམ་གཤིས་སྐོར་གསུང་བཤད་གནང་འདུག ཐེངས་འདིར་ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་རྒྱུའི་འཆར་གཞིའི་ཁོངས་རྒྱལ་ས་པེ་རི་སིར་ཕེབས་ནས་ལས་འགུལ་སྤེལ་བ་ཞིག་ཡིན་འདུག བཀའ་བློན་མཆོག་ལ་རྒྱལ་སྤྱིའི་གསར་འགོད་པ་ཕ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་ Radio France International དང་། ཕ་རན་སི་ཨིན་ཕོ་ France Info (Radio France) དེ་བཞིན་ཡང་ཀོབ་ ༢༡ རླུང་འཕྲིན་ཁང་ COP21 Radio གཞན་ཡང་ཕ་རན་སིའི་རྒྱ་སྐད་རླུང་འཕྲིན་ཁང་ RFI Chinese service
སོགས་ཀྱིས་དོ་སྣང་ཆེན་པོས་དྲི་བ་སོགས་བཏང་ནས་དྲིལ་བསྒྲགས་རྒྱ་ཆེ་བྱུང་འདུག