༢༠༡༥ ཟླ་ ༡༢ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་འཕྲོད་བསྟེན་ལས་ཁུངས་དང་འབྲེལ་བའི་ལས་བྱེད་ཞབས་ལོ་ ༢༥ འཁོར་མཁན་ཁག་གཅིག་ལ་ལེགས་སྐྱེས་གནང་བ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།
༡༽ བོད་ཀྱི་སྨན་རྩིས་ཁང་གི་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་རྩིས་རམས་པ་ཚེ་རིང་ཆོས་འཛོམས་ལགས་ནི། ཕྱི་ལོ་ ༡༩༨༣ ལོར་བོད་ཀྱི་སྨན་རྩིས་མཐོ་སློབ་ཁང་ཀྱི་སྐབས་གསུམ་པའི་རྩིས་སློབ་ཁོངས་སུ་བོད་ཀྱི་སྐར་ནག་དབྱངས་གསུམ་གྱི་རྩིས་རིག་པར་སྦྱངས་པ་མཐར་སོན་ཏེ་བཙན་བྱོལ་བོད་མིའི་ཁྲོད་ཀྱི་བུད་མེད་སྐར་རྩིས་པ་ཐོག་མར་གྱུར། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡ ཉིན་སྨན་རྩིས་ཁང་གི་སྐར་རྩིས་པར་བསྐོ་གཞག་ལྟར་འགན་འཁུར་ཞུས། ཕྱི་ལོ་ ༡༩༩༤ ལོར་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་གཞག། ཕྱི་ལོ་ ༡༩༩༤ ལོ་ནས་འགོ་འཛུགས་ཀྱིས་ཕྱི་མི་དོན་གཉེར་ཅན་ལ་བོད་རྩིས་རིག་པའི་སྐོར་ཟབ་སྦྱོང་ལན་མང་ཕུལ། ཕྱི་ལོ་ ༡༩༩༥ ལོ༌ནས་བཟུང་ད་བར་བོད་ཀྱི་སྨན་རྩིས་ཁང་གི་གོ་སྒྲིག་འོག་བོད་ཀྱི་སྨན་རྩིས་རིག་གཞུང་སྐོར་འགྲེམས་སྟོན་དང་། ཚོགས་འདུ། གཏམ་བཤད། སློབ་འཁྲིད། ངག་ཐོག་རྩིས་འབྲས་འདོན་རྒྱུ་བཅས༌ཀྱི་ཆེད་ཕྱིའི་རྒྱལ་ཁབ་ཁག་ ༡༤ དང། རྒྱ་གར་གྲོང་ཁྱེར་ཆེ་ཕྲ་མང་པོའི་ནང་བསྐྱོད། ཕྱི་ལོ་ ༡༩༩༩ ནས་ ༢༠༠༢ བར་སྨན་རྩིས་མཐོ་སློབ་ཁང་དུ་རྩིས་དགེའི་ལས་འགན་ཞུས། བོད་ཀྱི་སྐར་དཔྱད་རྩིས་རིག་གཞུང་ལུགས་ཐད་སྦྱང་བརྩོན་དང་། ཉམས་མྱོང་གི་གྲུབ་འབྲས་ལ་གཞིགས་ཏེ་ཕྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡ ཉིན་རྩིས་རམས་པ་ཆུང་བ་དང་། ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ ཉིན་རྩིས་རམས་པ་འབྲིང་བར་གནས་སྤར། ལོ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་དགུང་ཀེག་ཀེག་རྩིས་ཞབས་ཞུ་བར་བསྐོ་གཞག ཕྱི་ལོ་ ༢༠༠༩ དང་ ༢༠༡༢ སོ་སོར་ཟླ་གསུམ་རིང་ཨོ་སི་ཊེ་རི་ཡ་ Austria བོད་ཀྱི་རིག་གཞུང་བསྟི་གནས་ཁང་དུ་རྩིས་དགེའི་ལས་འགན་ཞུས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༡ ཉིན་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་གཞོན་པར་བསྐོ་གཞག ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡ ནས་སྨན་རྩིས་མཐོ་སློབ་ཁང་དུ་རྩིས་དགེའི་ལས་འགན་ལོ་གཅིག ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡ ནས་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་གཞག་གིས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་བོད་ཀྱི་སྐར་ནག་དབྱངས་གསུམ་རྩིས་ཀྱི་རིག་གཞུང་ཐད་ཞབས་འདེགས་བསྒྲུབས་ཡོད།
༢༽ གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བ་མིག་དམར་ལྷ་མོ་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་ལས་ཞུགས་ཀྱིས་ཐོག་མར་སིམ་ལ་ཡན་ལག་སྨན་ཁང་གི་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༠ ལོར་ལྡི་ལི་ནེ་ཛམ་ཨུ་དིན་ Nizamuddin ཡན་ལག་སྨན་ཁང་དུ་སྨན་སྤྲོད་ལས་ཚབ། ཕྱི་ལོ་ ༡༩༩༣ ལོར་རེ་ཀོང་པིའུར་ Rekong Peo དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་སྐབས་སྨན་སྐོར། རྒྱུན་ལྡན་སིམ་ལའི་ཉེ་ཁུལ་སོ་ལན་ Solan དུ་སྨན་སྐོར། ཕྱི་ལོ་ ༡༩༩༤ ལོར་དབུས་སྨན་རྩིས་ཁང་དུ་རྩིས་ཀྱི་ཟབ་སྦྱོང་དུ་འཛུལ་ཞུགས། ཕྱི་ལོ་ ༡༩༩༦ ཟླ་ ༨ ཚེས་ ༢༢ ཉིན་དབུས་སྨན་རྩིས་ཁང་གི་ཕྱིར་གཏོང་སྨན་ཚོང་ཁང་གི་སྨན་སྤྲོད་པའི་ལས་གནས་སུ་གནས་སྤོས། ཕྱི་ལོ་ ༢༠༠༡ ལོར་མུམ་སྦེ་ Mumbia དང་། ཕྱི་ལོ་ ༢༠༠༣ ཟླ་ ༩ ནང་ཅན་རྡི་སྒར་ Chandigarh བཅས་སུ་སྨན་སྐོར། ཕྱི་ལོ་ ༢༠༠༣ ཟླ་ ༡༠ ཚེས་ ༡ ནས་གངས་སྐྱིད་ཡན་ལག་སྨན་ཁང་གི་སྨན་རྩིས་ལས་སྣེ་བར་གནས་སྤོས། ཕྱི་ལོ་ ༢༠༠༤ ལོར་ཧོ་ཤར་པུར་ Hoshiarpur དང་། ཕྱི་ལོ་ ༢༠༠༦ ལོར་སྐུའི་འཁྲུངས་སྐར་སྲུང་བརྩི་སླད་རྡ་ས་ཉེ་ཁུལ་གྲོང་གསེབ་ཁག ཕྱི་ལོ་ ༢༠༠༨ ལོར་ཨམ་སྦར་སར་ Amritsar བཅས་སུ་སྨན་སྐོར་དང་། རྒྱུན་ལྡན་ཉེ་འཁོར་སློབ་གྲྭ་ཁག་དང་། བཙུན་དགོན་སྒྲོལ་མ་གླིང་། ནོར་གླིང་། སྙིང་སྟོབས་གླིང་བཅས་སུ་སྨན་སྐོར་བསྐྱོད་པ་བཅས་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་ཞབས་འདེགས་བསྒྲུབས་ཡོད།
༣༽ སྨན་སྦྱོར་ལས་བྱེད་སྤེན་པ་ཚེ་རིང་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་སྨན་སྦྱོར་ཁང་གི་ཤིང་བཟོ་དང་། སྨན་ཐག་འཕྲུལ་འཁོར་གཏོང་མིའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༢ ནས་ ༢༠༠༥ བར་སྨན་སྦྱོར་ཁང་གི་འཕྲུལ་འཁོར་དང་གློག་བཟོ་བཅོས། ཅ་དངོས་ཉོ་སྒྲུབ་ཞུ་མཁན་གྱི་ལས་འཁུར་ཞུས། དེའི་རིང་སྨན་རྩིས་ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་གཙོ་དང་། ཚོགས་མིའི་ལས་འཁུར་ལོ་བརྒྱད་ཞུས། ཕྱི་ལོ་ ༢༠༠༢ ལོར་ལ་དྭགས་སུ་སྨན་རྩིས་རིག་གཞུང་བསྟི་གནང་ཁང་འཛུགས་བསྐྲུན་སྐབས་དེ་གའི་འགྲེམས་སྟོན་ཁང་གི་གློག་སྐུད་འཁྲིད་རྒྱུའི་ལས་གཞི་ཞུས། ཕྱི་ལོ་ ༢༠༠༥ ནས་སྨན་རྒྱུ་གཙང་བཟོ་ཁང་གི་བཅུ་དཔོན་དང་། རིལ་སྒྲིལ་ཁང་གི་བཅུ་དཔོན་ལོ་དྲུག་ཞུས། ད་ལྟ་གཙང་བཟོ་ཁང་གི་བཅུ་དཔོན་ཞུས་མུས་ཐོག་ད་བར་མི་ལོ་ཧྲིལ་པོ་ ༢༥ རིང་ཞབས་འདེགས་བསྒྲུབས་ཡོད།
༤༽ སྨན་སྦྱོར་ལས་བྱེད་སྟོབས་རྒྱལ་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་སྨན་སྦྱོར་ཁང་གི་སྨན་རྒྱུ་དོ་དམ་པའི་ལས་རོགས་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༤ ཟླ་ ༡༠ ཚེས་ ༡ ནས་སྨན་རྒྱུའི་དོ་དམ་པ་དང་། ལྗགས་སྨིན་གསོལ་སྨན་ཁང་གི་དོ་དམ་པའི་ལས་འགན་གཅིག་ལྕོགས། སྨན་རྒྱུ་གཙང་བཟོ་དོ་དམ་པའི་ལས་འགན་ཡང་ཞུས། ཕྱི་ལོ་ ༢༠༠༤ ནས་ལོ་བཞི་རིང་སྨན་རྩིས་མཐོ་སློབ་ཁང་གི་བུ་མོའི་ཉལ་ཁང་གི་ཕ་ཚབ་ཀྱི་ལས་འཁུར་ཞུས། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡ ནས་རིན་ཆེན་སྨན་མཛོད་ཀྱི་མཛོད་གཉེར་གཅིག་ལྩོགས། ལས་ཡུན་རིང་སྨན་རྩིས་ཁང་གི་ལས་བྱེད་བདེ་དོན་ཚོགས་ཆུང་གི་ཚོགས་དྲུང་ལོ་བཅུ་ཞུས་པ་བཅས། ད་བར་མི་ལོ་ཧྲིལ་པོ་ ༢༥རིང་ཞབས་འདེགས་བསྒྲུབས་ཡོད།
༥༽ སྨན་མཛོད་སྨན་ཚོང་འགན་འཛིན་ཐུབ་བསྟན་བྱམས་པ་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༧ ཚེས་ ༡ ཉིན་སྨན་རྩིས་ཁང་དུ་འཛུལ་ཞུགས་ཀྱིས་ཐོག་མར་མ་ན་ལི་ཡན་ལག་སྨན་ཁང་གི་སྨན་སྤྲོད་པ་དང་། རྡོ་རྗེ་གདན། ཝ་ར་ན་སི་བཅས་སུ་སྨན་སྐོར་སྐབས་སྨན་སྤྲོད་པའི་ལས་འཁུར་ཞུས། ཕྱི་ལོ་ ༡༩༩༡ ཟླ་ ༣ ཚེས་ ༣༡ ཉིན་ཀོལ་ཀ་ཏ་ཡན་ལག་སྨན་ཁང་གི་རྩིས་པར་གནས་སྤོས། ཕྱི་ལོ་ ༡༩༩༣ ལོར་རེ་ཀོང་པིའུར་ Rekong Peo དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་རིང་སྨན་སྐོར་དུ་རྩིས་པའི་ལས་འཁུར། ཕྱི་ལོ་ ༡༩༩༢ ཟླ་ ༤ ཚེས་ ༡ ཉིན་སིམ་ལ་ཡན་ལག་སྨན་ཁང་གི་རྩིས་པའི་ལས་གནས། ཕྱི་ལོ་ ༡༩༩༦ ཟླ་ ༩ ཚེས་ ༤ ཉིན་སྨན་སྦྱོར་ཁང་དུ་གནས་སྤོས། ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༡ ཉིན་སྨན་རྩིས་ཁང་གི་སྦྲག་ཁང་དོ་དམ་པའི་ལས་བཀོད། ཕྱི་ལོ་ ༢༠༠༡ ཟླ་ ༣ ཚེས་ ༡༢ ཉིན་སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་གྱི་ཟོག་གཉེར་བའི་ལས་གནས། ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས་ ༡༦ ཉིན་སྨན་རྩིས་མཐོ་སློབ་ཁང་གི་ལས་དྲུང་། ཟླ་ ༡༢ ཚེས་ ༨ ཉིན་རྡ་སྟེང་ཡན་ལག་སྨན་ཁང་གྱི་རྩིས་པའི་ལས་གནས་སུ་གནས་སྤོས། དེའི་རིང་རྡ་སྟེང་ཐོན་རྫས་ཚོང་ཁང་གི་ཚོང་གཉེར་བའི་ལས་འཁུར་ལོ་གཅིག་རིང་ཞུས། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༢༠ ཉིན་སྨན་རྩིས་ཁང་དབུས་སྤྱི་ཐབ་ཀྱི་གཉེར་པའི་ལས་འགན་དང་། ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༡ ཉིན་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་རིན་ཆེན་རིལ་བུའི་ཟོག་གཉེར་བའི་ལས་བཀོད། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ནས་སྨན་མཛོད་དང་སྨན་ཚོང་སྡེ་ཚན་གྱི་འགན་འཛིན་བཅས་མི་ལོ་ཧྲིལ་པོ་ ༢༥ རིང་ཞབས་འདེགས་གྲུབ་ཡོད།
༦༽ བདེ་ལེགས་སྨན་ཁང་གི་ལས་བྱེད་སྨན་ཞབས་རྣམ་རྒྱལ་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༩༠ ལོར་བདེ་ལེགས་སྨན་ཁང་དུ་ཟླ་གསུམ་འཕྲོད་ལས་སློབ་སྦྱོང་ཐོག་འཛུལ་ཞུགས་ཀྱིས་ལེགས་ཐོན་བྱུང་བ་དང་། དེ་ནས་སིམ་ལར་རྟེན་གཞི་བྱས་པའི་བོད་མིའི་ལག་ཤེས་བཟོ་གྲྭར་འཕྲོད་ལས་པའི་ལས་འགན་ཐོག་བསྐོ་གཏོང་གིས་དེ་གར་ལོ་བཞི་རིང་ལས་ཁུར་ཞུས། ཕྱི་ལོ་ ༡༩༩༤ ཟླ་ ༡ ཚེས་ ༩ ནས་བདེ་སྨན་ཁང་དུ་སྨན་ཞབས་པའི་ལས་འགན་ཐོག་བསྐོ་གཞག་གིས་མུ་མཐུད་ལས་འཁུར་ཞུ་མུས་ཡིན།།