༢༠༡༥ ཟླ་ ༡༢ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །འདི་གར་རྒྱ་གར་བྱང་ཕྱོགས་མ་ཧཱ་རཱཤཏྲ་མངའ་སྡེའི་གྲོང་ཁྱེར་ན་སིག་ (Nashik) བོད་མི་བདེ་དོན་མཐུན་ཚོགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༠ ཉིན་ན་སིག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཧྲིལ་པོ་ ༢༦ འཁོར་བའི་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཚོགས་པའི་ལས་ཁུངས་ཀྱི་མདུན་ཐང་དུ་ཚང་འཛོམས་ཀྱིས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས་གྲུབ་མཚམས། ༸རྒྱལ་བའི་ཞབས་བརྟན་དང་། ལྷ་སྲུང་གི་འཕྲིན་སྐུལ། བསང་གསོལ་བཏང་རྗེས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་ཆེད་སྨོན་ལམ་དང་སྒྲོལ་མ་གང་མང་གསོག་བསྒྲུབ་ཞུས།
དེ་རྗེས་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ན་སིག་བོད་མི་བདེ་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ཚོགས་གཙོ་ཟུར་པ། གྲོང་སྡེའི་སྤྱི་ཁྱབ་ Ashok Murtadak ལགས། རྫོང་གི་སྤྱི་ཁྱབ་སྐོར་སྲུང་བ། སློབ་གྲྭའི་སློབ་སྤྱི་ཨམ་བྷི་ཀ་ལགས། ས་གནས་ཀྱི་སློབ་གྲྭ་ཁག་གི་སློབ་ཕྲུག་བརྒྱ་ལྷག་ཙམ་དང་། ས་གནས་ཡུལ་མི་བཅས་ཚང་འཛོམས་ཐོག་ན་སིག་བོད་མི་བདེ་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གསུང་བཤད་དང་། ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་བསྟུན། སྐུ་མགྲོན་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྐོརགསུང་བཤད་གནང་། དེ་བཞིན་གོང་ཚེས་ཉིན་གྱི་ཕྱི་དྲོར་ན་སིག་ཁུལ་གནས་སྡོད་བོད་མི་རྣམས་འདུ་འཛོམས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་ཞུས་ཏེ། ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་དོན་དང་འབྲེལ་བའི་དྲིལ་བསྒྲགས་རྒྱ་ཆེ་བྱས་ཐུབ་པ་བྱུང་ཡོད། དེ་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་གདུང་སེམས་མཉམ་སྐྱེ་མཚོན་ཕྱིར་མར་མེ་ཁྲོམ་སྐོར་གནང་སྟེ་ལས་རིམ་མཇུག་བསྒྲིལ་གནང་ཡོད་པ་བཅས།།