༢༠༡༥ ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༩ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་ཟིན་ནས་༸གོང་ས་མཆོག་དབུ་བཞུགས་ཐོག དབུ་འབྱེད་རྟེན་འབྲེལ་གྱི་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གུས་ཕྱག་དང་སྦྲགས། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་པོ་ལས་ཟུར་རྣམ་པ། བླ་སྤྲུལ་དགེ་བཤེས་རྣམ་པ། སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དབུས་ས་གཉིས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། ཉེ་ཆར་བོད་ནས་ཕེབས་པའི་བོད་རིགས་སྤུན་ཟླ་རྣམ་པ། དེ་བཞིན་ཕྱི་རྒྱལ་དང་ཧི་མཱ་ལ་ཡི་རི་རྒྱུད་ནས་ཕེབས་པའི་སྦྱིན་བདག་དང་སྐུ་མགྲོན་སོགས་ལ་དེ་རིང་ཆོས་སྡེ་བཀྲ་ཤིས་ལྷུན་པོའི་གཙུག་ལག་ཁང་གསར་པ་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་རྟེན་འབྲེལ་གྱི་མཛད་སྒོར་ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་ཚང་མར་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
༸རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་མཆོག་དང་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དབར་ཐུན་མིན་གྱི་འབྲེལ་བ་ཞིག་ཡོད། དེ་བཞིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་ནི་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ཞབས་འདེགས་རླབས་ཆེན་སྒྲུབ་མཁན་ཡིན་པར་བརྟེན་ལོ་རྒྱུས་ནང་འཁོད་འོས་པ་ཞིག་དང་། ད་བར་གྲུབ་འབྲས་ཧ་ཅང་ཡག་པོ་ཐོན་པའི་གདན་ས་ཤིག་ཆགས་ཡོད། ཐེངས་འདིར་བྱེས་སུ་གདན་ས་བཀྲ་ཤིས་ལྷུན་པོའི་འདུ་ཁང་གསར་བཞེངས་ལེགས་གྲུབ་ཐུབ་པར་བཀའ་ཤག་ནས་བསྔགས་བརྗོད་ཞུ་རྒྱུ་ཙམ་མ་ཟད། ལས་གྲྭ་འདི་ལམ་ལྷོང་འཐུས་ཚང་ཞིག་ཡོང་སླད་བཀའ་ཤག་ངོས་ནས་མཐུན་འགྱུར་རམ་འདེགས་གང་ཐུབ་ཞུ་རྒྱུའི་འབད་བརྩོན་ཞུས་ཡོད། ཅེས་སྙན་སེང་ཞུ་རྒྱུ་ཡིན།
༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་དབར་དམིགས་བསལ་གྱི་འབྲེལ་བ་ཡོད། པཎ་ཆེན་སྐུ་ཕྲེང་རིམ་བྱོན་ལ་མཚོན་ནའང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྐུ་ལས་སྐྱོན་མཁན་རླབས་ཆེན་གྱི་བླ་ཆེན་ཡིན་པ་དང་། ལྷག་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གནས་སྟངས་ཤིག་གི་འོག་ནས་བོད་ནང་བཞུགས་དགོས་ཆགས་ཡོད། འོན་ཀྱང་ཁོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཧ་ལས་པའི་སྐུ་ལས་བསྐྱོན་ཡོད། ཚང་མས་མཁྱེན་གསལ་རེད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་གནང་བར་བརྟེན་རྒྱའི་བཙོན་ཁང་ནང་ཡུན་རིང་བཞུགས་དགོས་བྱུང་ཡོད། ཡིག་འབྲུ་ཁྲི་བདུན་གྱི་ནང་བོད་ནང་ཆོས་དད་རང་དབང་མེད་པ་དང་། བོད་མིར་མནར་གཅོད་གཏོང་བ། བོད་ནང་གི་དགོན་སྡེ་ཁག་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་བ། རྒྱ་ནག་གཞུང་གིས་བོད་མིར་མི་རིགས་དབྱེ་འབྱེད་བྱེད་བཞིན་ཡོད་པ་སོགས་དངོས་ཡོད་བོད་ནང་གི་དཀའ་ངལ་རྣམས་འཇིགས་ཞུམ་མེད་པར་སྙིང་སྟོབས་ཆེན་པོས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ར་སྤྲོད་གནང་ཡོད་པ་མ་ཟད། ཕྱིས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་རྒྱའི་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་སུའང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཧ་ལས་པའི་སྐུ་ལས་བསྐྱོན་ཡོད། ཁོང་དགོངས་པ་རྫོགས་རྗེས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཁོང་གི་ཡང་སྲིད་དུ་ངོས་འཛིན་མཛད་ཡོད།
འོན་ཀྱང་གོང་དུ་མཁན་རིན་པོ་ཆེ་མཆོག་གིས་གསུངས་པ་ལྟར། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ཡོད། བཀའ་ཤག་ངོས་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཆེད་རྒྱལ་སྤྱིའི་སྡིངས་ཆ་སོགས་གང་ཅིའི་ཐོག་འབོད་སྐུལ་ཞུས་དང་ཞུ་བཞིན་པ་ཡོད་པ་མ་ཟད། ད་རེས་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དང་། ཧི་མཱ་ལ་ཡ་རི་རྒྱུད་ཀྱི་མི་སྣ་དབར་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་སྐོར་གོ་ཐོས་བྱུང་། ༸རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་མཆོག་གིས་བཀྲ་ཤིས་ལྷུན་པོ་ཐོག་མར་ཕྱག་འདེབས་སྐབས་སུའང་མངའ་རིས་སྐོར་གསུམ་ནས་མི་གྲངས་སུམ་ཅུ་ཙམ་ཕེབས་ཏེ་བཀྲ་ཤིས་ལྷུན་པོ་གསར་བཞེངས་སླད་ཕྱག་ལས་གནང་ཡོད་པ་དང་། གདན་ས་གསུམ་དང་བསྡུར་བ་ཡིན་ན་བཀྲ་ཤིས་ལྷུན་པོར་ཧི་མྰ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་མང་བ་མེད་ནའང་འདྲ་མཉམ་ཡོད། དེར་བརྟེན་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཆགས་ཀྱི་ཡོད། ད་རེས་ཆེད་མངགས་ཧི་མྰ་ལ་ཡ་རི་རྒྱུད་ནས་བཀྲ་ཤིས་ལྷུན་པོའི་འདུ་ཁང་གསར་བཞེངས་ཆེད་ཕྱག་ལས་གནང་མཁན་དང་། སྦྱིན་བདག་རྣམ་པ་བཅས་ཕེབས་ཡོད་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ལོ་རྒྱུས་ཉག་ཕྲ་བའི་སྐབས་སུ་ཧི་མྰ་ལ་ཡ་རི་རྒྱུད་ཀྱི་མི་སྣས་ཧ་ལས་པའི་ཕྱག་རོགས་གནང་བྱུང་ཞེས་དུས་རྟག་ཏུ་བསྔགས་བརྗོད་མཛད་བཞིན་ཡོད། ངོས་ཀྱིས་བཀའ་ཤག་གི་ཚབ་ཞུས་ཏེ་ད་བར་ཁྱེད་རྣམ་པས་མཐུན་འགྱུར་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་ང་ཚོའི་ཆོས་དང་རིག་གཞུང་། སྐད་ཡིག རྩ་བའི་བླ་མ་སོགས་གཅིག་མཚུངས་ཡིན་སྟབས་མུ་མཐུད་ནས་འབྲེལ་བ་ཡོང་རྒྱུ་ཡིན་པ་དང་། མ་འོངས་པར་ཡང་ཕན་ཚུན་མཐུན་རྐྱེན་སྦྱར་དགོས་པའི་གནས་སྟངས་དེ་འདྲ་ཡོང་ངེས་རེད། དུས་སྐབས་དེ་དག་ཏུའང་ང་ཚོས་ཕན་ཚུན་ཕྱར་བ་གྲུ་འདེགས་ཞུ་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་དང་། ལྷག་པར་བསླབ་པ་སློབ་གཉེར་དགོས་པའི་སྐོར་བཀའ་སློབ་ཕེབས་ཀྱི་ཡོད། ད་བར་༸གོང་ས་མཆོག་གིས་བཀའ་དགོངས་བཞིན་ལག་བསྟར་གནང་ཡོད་པ་ལྟར་ད་དུང་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད།།