༢༠༡༥ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཆབ་སྲིད་བཙོན་ཟུར་རིག་འཛིན་ཆོས་ཉིད་ལགས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦།༣༠ ཡོལ་ཙམ་ལ་རྡ་ས་རང་ཁྱིམ་དུ་དགོངས་པ་རྫོགས་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཐོག་སྐུ་ཕུང་ཞུགས་འབུལ་གནང་འདུག
དེ་ཡང་ཆབ་སྲིད་བཙོན་ཟུར་རིག་འཛིན་ཆོས་ཉིད་ལགས་ནི་ཕྱི་ལོ་ ༡༩༣༦ ལོར་རྒྱལ་རྩེ་རྫོང་དུ་ཕ་མིག་དམར་སྟོབས་རྒྱལ་ལགས་དང་། མ་ཡེ་ཤེས་སྒྲོལ་མ་ལགས་གཉིས་སུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༦ ཙམ་ལ་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་སུ་ཞུགས་ཏེ་རྒྱ་དམག་དང་འཐབ་འཛིང་གནང་རྗེས་ཕྱི་ལོ་ ༡༩༥༩ ཟླ་ ༦ ནང་རྒྱ་དམག་གིས་ཁོང་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་ཁྱོན་ལོ་ངོ་ ༢༡ རིང་བཅུག་རྗེས་ཕྱི་ལོ་ ༡༩༨༠ ཟླ་ ༤ ནང་བཙོན་གྲོལ་ཐོབ་ཡོད། བཙོན་གྲོལ་ཐོབ་རྗེས་སུའང་ཁོང་གིས་བོད་ཀྱི་རྩ་དོན་སླད་ལས་འགུལ་མང་པོ་ཞིག་གི་ནང་མཉམ་ཞུགས་ཀྱིས་ལས་འགུལ་མུ་མཐུད་སྤེལ་བར་བརྟེན་རྒྱ་ནག་གཞུང་གི་དོགས་གཞིའི་འོག་ཚུད་རྗེས་ཕ་ཡུལ་དུ་གནས་མ་ཐུབ་པར་ཕྱི་ལོ་ ༡༩༩༣ ཟླ་ ༡ ཚེས་ ༡༧ ཉིན་ལྷ་ས་ནས་དམ་པ་དེ་ཉིད་དང་། ཁོང་གི་བཟའ་ཟླ་གཉིས་གསང་བའི་ཐོག་བྲོས་དགོས་པའི་གནས་སུ་གྱུར་ཏེ་བལ་ཡུལ་བརྒྱུད་རྒྱ་གར་དུ་འབྱོར་ཡོད།།