ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡ ཉིན་ཅི་ལི་ཡི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝེ་ལེ་གྲོ་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་གནང་སྟེ། དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ལྷན་ངོ་སྤྲོད་དང་། དབུ་མའི་ལམ་སྐོར་འགྲེལ་བཤད་གནང་། དེ་རྗེས་སྤྱི་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཡང་གདན་འདྲེན་ཞུས་ནས་གཟིགས་ཞིབ་གནང་།
འདི་ཟླའི་ཚེས་ ༣ ཉིན་སྤྱི་འཐུས་རྒྱུན་ལས་དང་ལྷན་དུ་སྐུ་ཞབས་ཝ་ལེ་གྲོ་མཆོག་ལ་བོད་ཀྱི་ཟློས་སྒར་དུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་དང་སྦྲགས། གསོལ་ཚིགས་སྟབས་བདེ་ཞིག་ཀྱང་ཕུལ་གནང་ཡོད། ཅི་ལིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཝེ་ལེ་གྲོ་མཆོག་ནི་ཕྱི་ལོ་ ༡༩༨༧ ལོར་ཨཕ་རི་ཀ་ལ་འཁྲུངས་ཞིང་། ཁོང་ནི་ཅི་ལི་ལི་སྦ་རལ་ཚོགས་པའི་(Liberal Party of Chile) ཚོགས་གཙོ་ཡིན། །