༢༠༡༥ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༦ ཉིན་གྱི་ཉིན་རྒྱབ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གུང་ལྗགས་སྨིན་གྲུབ་མཚམས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་ཁུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཆེས་མཐོའི་ཤེས་ཡོན་བསྟི་གནས་ཁང་ National Institute of Advanced Studies (NIAS) ཞེས་པའི་ཚན་རིག་སློབ་ཁང་བསྟི་གནས་ཁང་དུ་༸ཞབས་སོར་འཁོད།
སྐབས་དེར་ཇེ་ཨར་ཌི་ཊ་ཊ་ཚོགས་ཁང་ JRD Tata Auditorium ནང་བསྟི་གནས་ཁང་ནང་ཡུལ་གྲུ་ཁག་འདྲ་མིན་གྱི་སྙན་གྲགས་ཆེ་བའི་ཆེད་མཁས་ཚན་རིག་པ་ཁག་གིས་གཙོས་གནད་ཡོད་མི་སྣ་དང་། ཡང་སྟེང་རིན་པོ་ཆེ་མཆོག དགེ་བཤེས་ངག་དབང་བསམ་གཏན་ལགས། དེ་བཞིན་ཆེས་མཐོའི་མི་སྣ་དང་། སྦེང་ལོར་སེན་ཇོ་སིབ་མཐོ་སློབ་ St.Joseph College ནང་འགྲིམ་བཞིན་པའི་བོད་རིགས་སློབ་ཕྲུག་ཁག་གཅིག་བཅས་ཁྱོན་མི་གྲངས་ ༣༠༠ བརྒལ་བ་མཉམ་འཛོམས་གནང་ཡོད། ཐོག་མར་ཚན་རིག་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་བྷལ་དིབ་རཱཇ་ Baldiv Raj ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་༸གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོའི་མཛད་རྣམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་བསྟུན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱལ་ཡོངས་ཆེས་མཐོའི་ཤེས་ཡོན་བསྟི་གནས་ཁང་གི་ཆེས་ཐོག་མར་གདན་འདྲེན་ཞུས་པའི་ཆེ་མཐོའི་སྐུ་མགྲོན་ The First Distinguished Fellow of National Institude of Advance Studies ཞེས་པའི་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་མཚམས། མགོན་པོ་གང་ཉིད་མཆོག་གིས་ཐེངས་འདིར་ཆེད་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་པར་ཐུགས་དགྱེས་ཚོར་བྱུང་ཡོད་སྐོར་དང་། མི་ཚང་མས་བདེ་བ་འདོད་བཞིན་ཡོད་པ་གཅིག་མཚུངས་ཡིན་པར་བརྟེན་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཕྱི་དངོས་པོའི་མཐུན་རྐྱེན་རྐྱང་པས་དོན་དམ་གྱི་བདེ་སྐྱིད་སྐྲུན་མི་ཐུབ། གང་ཡིན་བརྗོད་ན།
དེང་སྐབས་འཛམ་གླིང་ནང་འབྱོར་བ་ཧ་ཅང་ལྡན་ཚོར་ཕྱི་དངོས་པོའི་མཐུན་རྐྱེན་གྱི་ཆ་ནས་ཕུན་སུམ་ཚོགས་པོ་ཇི་ཙམ་ཡོད་ཀྱང་སེམས་མ་སྐྱིད་པ་བྱས་པ་དེས་གསལ་པོར་མཚོན་ཐུབ། མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ནང་སེམས་རྒྱུད་ལ་རག་ལུས་ཡོད། འདས་པའི་དུས་རབས་བཟང་ངན་ཇི་འདྲ་ཞིག་ཆགས་ཡོད་ཀྱང་དེར་བཟོ་བཅོས་རྒྱག་ཐབས་བྲལ། འོན་ཀྱང་འབྱུང་འགྱུར་གྱི་དུས་རབས་དེ་བདེ་སྐྱིད་ལྡན་མིན་ཇི་འདྲ་ཞིག་ཡོང་བར་ད་ལྟའི་གཞོན་སྐྱེས་ཚོའི་བསམ་བློ་གཏོང་སྟངས་ལ་རག་ལུས་ཡོད་པ་སོགས་ཀྱི་གཞོན་སྐྱེས་ཚོར་དམིགས་སུ་བཀར་ནས་ལམ་སྟོན་ཞིབ་རྒྱས་མཛད་པ་མ་ཟད། དེང་སྐབས་ཚན་རིག་པ་ཚོས་ནང་ཆོས་ནས་གསུང་པའི་ནང་པའི་ཚན་རིག་ཐོག་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པའི་ཐུགས་སྣང་མཛད་ཡོད་སྐོར་དང་། ཚན་རིག་དང་ནང་ཆོས་ཕན་ཚུན་གཉིས་ཀྱི་དབར་ཤེས་ཡོན་ཐོག་བསམ་ཚུལ་དང་གོ་བསྡུར་སྦྱང་བཤད་མུ་མཐུད་གནང་རྒྱུ་ནི་ཤེས་རྒྱ་ཡངས་པོ་ཡོང་བར་དགེ་མཚན་ཆེ་སྐོར་སོགས་ཀྱི་མ་འོངས་ལམ་སྟོན་བཀའ་སློབ་ཞིབ་རྒྱས་བསྩལ་གྲུབ་མཚམས། མང་ཚོགས་ཀྱི་དྲི་བར་བཀའ་ལན་ལམ་སྟོན་དང་། དེ་རྗེས་ཚན་རིག་བསྟི་གནས་ཁང་གི་སློབ་དཔོན་ལྕམ་སྐུ་སང་གི་ཏ་མི་ནོན་ Prof.Sangeetha Menon ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གྲུབ་བསྟུན། མགོན་པོ་གང་ཉིད་མཆོག་གིས་འགན་འཛིན་དང་སློབ་དཔོན་རྣམ་གཉིས་ལ་མཇལ་དར་གཡོགས་ཏེ་བཞུགས་གནས་མགྲོན་ཁང་དུ་ཕེབས་བསྐྱལ་ཞུས།།