༢༠༡༥ ཟླ་ ༡༢ ཚེས་ ༨ རེས་གཟའ་མིག་དམར།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་བཞུགས་གནས་མགྲོན་ཁང་དུ་རྒྱ་གར་གྱི་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཡོད་པ་མ་ཟད། ཉིན་རྒྱབ་སྦེང་ལོར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་སེམས་ཁམས་དང་དབང་རྩའི་བསྟི་གནས་སྨན་ཁང་ (NIMHANS) National Institute of Mental Health and Neurosciences ཆེན་མོར་༸ཞབས་སོར་བཀའ་དྲིན་ཆེ་འཁོད་མཛད་དེ་མང་ཚོགས་སྟོང་ཕྲག་བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་བ་སོགས་ཀྱི་མཛད་འཆར་རྒྱ་ཆེ་བསྐྱངས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཐོག་རྒྱལ་ཡོངས་སེམས་ཁམས་དང་དབང་རྩའི་བསྟི་གནས་ཁང་གི་ཉེ་བའི་རིགས་བདག་སྐུ་ཞབས་སཱ་ཏི་ཤི་ཅནྡྲཱ་ Prof Satish Chandra མཆོག་གིས་༸གོང་ས་མཆོག་བསྟི་གནས་ཁང་དེའི་ཚོགས་ཁང་ནང་གདན་འདྲེན་ཞུས་ཏེ་ཐོག་མར་བསྟི་གནས་ཁང་དེའི་ལོ་རྒྱུས་དང་། ལས་དོན་སོགས་ཀྱི་སྐོར་འགྲེམས་སྟོན་ཞུས་པའི་པར་རིས་ཁག་ལ་གཟིགས་ཞིབ་མཛད་པ་དང་། དེ་རྗེས་ཚོགས་ཁང་ནང་༸ཞབས་སོར་འཁོད་སྐབས་དགེ་སློབ་དང་། ཆེས་མཐོའི་མི་སྣ། སྐུ་མགྲོན། ཚན་རིག་པ། ཤེས་ལྡན་མི་སྣ། དེ་བཞིན་བོད་རིགས་ལས་སློབ་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠༠ བརྒལ་བས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཞུས་ཡོད། སྐབས་དེར་ཉེ་བའི་རིགས་བདག་མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲིའི་གསུང་བཤད་དང་འབྲེལ་ཕྱི་ཚེས་ ༦ ཉིན་ཚན་རིག་པ་ཁག་གཅིག་མཉམ་འཛོམས་ཐོག་ཚན་རིག་པའི་དཔྱད་ཞིབ་ཀྱི་ཐབས་ལམ་བརྒྱུད་སེམས་ཁམས་སྐོར་བགྲོ་བསྡུར་བྱས་པའི་གྲུབ་དོན་ཁག་དང་། དེ་བཞིན་སེམས་ཁམས་བསྟི་གནས་ཁང་འདི་ཉིད་བཙུགས་པ་ནས་བཟུང་ད་བར་ལས་དོན་ཇི་བྱས་སོགས་ཀྱི་སྐོར་སྙན་སྒྲོན་ཞུས་པ་མ་ཟད། སྐུ་ཞབས་ཤི་ཝཱ་རམ་ཝཱ་རམ་བཱ་ལི་ Dr Shivaram Varambally ལགས་ཀྱིས་ཀྱང་དེ་མཚུངས་སེམས་ཁམས་བསྟི་གནས་ཁང་དེའི་སྐོར་ངོ་སྤྲོད་སོགས་སྙན་སྒྲོན་ཞུས་ཡོད། དེ་རྗེས་ཡུན་རིང་ནས་ཐུགས་འདྲིས་ཧ་ཅང་ཉེ་བའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆ་ཌི་གེར་ལགས་ཀྱིས་གང་ཉིད་མཆོག་ལ་མཇལ་ཁ་ཞུས་ཏེ་སྒོམ་གྱི་ཕན་ཡོན་དང་། དེ་བཞིན་སེམས་དང་སྲོག་གི་བགྲོ་གླེང་གནང་བའི་གྲུབ་འབྲས། ལྷག་པར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ང་ཚོ་དུས་རབས་འདིར་ཆེས་བཀའ་དྲིན་ཆེ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་སྐོར་བསྔགས་བརྗོད་ཞུས།
དེ་ནས་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་བསྟི་གནས་ཁང་འདིའི་དགེ་སློབ་ལས་བྱེད་རྣམས་དང་། དེ་བཞིན་སྐུ་མགྲོན་རྣམ་པ་བཅས་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་། ང་ཚོ་ཚང་མ་སེམས་ཚོར་དང་ལུས་ཚོར་གང་གི་ཆ་ནས་འགྲོ་བ་མི་རིགས་གཅིག་མཚུངས་ཡིན། ངོས་རང་ཡང་འགྲོ་བ་མི་ཞིག་ཡིན། ཁྱད་པར་གང་ཡང་མེད། ཞེས་ངོས་ཀྱི་རྟག་ཏུ་མང་ཚོགས་ལ་གསལ་པོར་བརྗོད་ཀྱི་ཡོད། ངོས་རང་སེམས་ཞི་ཞིང་དུལ་བ་ཞིག་ཡོང་ཐབས་བྱས་པའི་མྱོང་བ་དེའི་ཕན་ཡོན་གང་ཡོད་པའི་སྐོར་ཞུས་འདོད་བྱུང་། དང་པོ། གཞན་ཕན་གྱི་བློས་ནང་སེམས་ཀྱི་སྙིང་སྟོབས་ཇེ་འཕེལ་འགྲོ་གི་ཡོད་པ་དང་། གཉིས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་བསམ་བློ་དེས་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་བསམ་བློ་གུ་ཡངས་པོའི་ཐོག་ནས་གནས་ཚུལ་རྣམས་ལ་བལྟ་ཐུབ་རྒྱུར་ཕན་ཐོགས་ཧ་ཅང་ཡོད་པ་མ་ཟད། དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དེར་གདོང་ལེན་བྱ་རྒྱུར་བསམ་བློའི་གྲ་སྒྲིག་དང་ཐབས་ལམ་བཟང་བ་བསྟེན་ཐུབ། དཀའ་ངལ་འཕྲད་ས་གཙོ་བོ་ནང་གི་བསམ་བློར་ཐུག་ཡོད་སྟབས་དཀའ་ངལ་དེ་ཕྱི་དངོས་པོས་སེལ་མི་ཐུབ་པར་ནང་གི་སེམས་རྒྱུད་དང་འབྲེལ་བའི་བསམ་བློའི་འདུ་ཤེས་ཀྱི་ཐོག་ནས་དངོས་ཡོད་གནས་ཚུལ་དང་འཚམས་ཤིང་ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་ལ་བརྟེན་ནས་གདོང་ལེན་བྱེད་དགོས་པ་ཡིན། དེར་བརྟེན་སྒོམ་རྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། སྒོམ་རྒྱག་སྟངས་དེ་ཡང་དཔྱད་སྒོམ་ཐོག་ནས་སྒོམ་བརྒྱབ་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་རན་པའི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་ཐད་དམིགས་བསལ་ཁྱད་པར་ཆེན་པོ་ཡོད། ངོས་རང་ཚན་རིག་པས་དངོས་པོ་གང་དང་གང་ལ་ཡིད་ཆེས་བྱས་པ་ཙམ་མིན་པར་བསམ་བློ་བཏང་། དཔྱད་པ་བྱས་ནས་གཏན་ལ་ཕབ་རྒྱུའི་ལམ་སྲོལ་དེར་ཧ་ཅང་མོས་པོ་ཡོད། ང་ཚོར་དཀོན་མཆོག་གིས་བསམ་བློ་གཏོང་བྱེད་ཀྱི་ཀླད་པ་རེ་གནང་ཡོད། ང་ཚོས་ཀླད་པ་དེ་བེད་སྤྱོད་མ་བྱས་ཚེ། ནམ་ཞིག་དཀོན་མཆོག་གིས་ངས་ཁྱེད་རང་ཚོར་བསམ་བློ་གཏོང་རྒྱུར་ཀླད་པ་དེ་སྤྲད་པ་ཡིན། ཡིན་ནའང་ཁྱེད་རང་ཚོས་བེད་སྤྱོད་བྱེད་ཤེས་ཀྱི་མི་འདུག་ཅེས་གསུང་མདོག་ཁ་པོ་རེད། དེར་བརྟེན་དངོས་ཡོད་གནས་ཚུལ་དང་མཐུན་པའི་བསམ་བློ་གུ་ཡངས་པོ་གཏོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་།
ཡང་༸གོང་ས་མཆོག་གིས་ངོས་ཀྱིས་ནང་པ་སངས་རྒྱས་པའི་ཆོས་དེ་ཆོས་ལུགས་གཞན་ལས་ཁྱད་དུ་འཕགས་པ་གཅིག་རེད། ཅེས་ནམ་ཡང་ཤོད་ཀྱི་མེད། འོན་ཀྱང་། ནང་པ་སངས་རྒྱས་པའི་ཆོས་དེར་དམིགས་བསལ་ཁྱད་ཆོས་ཤིག་ཡོད་པ་ནི་བཅོམ་ལྡན་འདས་རང་ཉིད་ཀྱིས། ངས་གང་བཤད་པ་དེར་དད་པ་དང་གུས་པ་བྱས་ནས་ཆ་མ་བཞག་པར། དེར་བསྲེགས་བཅད་བརྡར་གསུམ་གྱི་ལམ་ནས་དཔྱད་པ་བྱེད་དགོས་ཞེས་གསུངས་ཡོད། དེ་དམིགས་བསལ་བ་ཞིག་རེད་ལ། ཚན་རིག་དང་མཐུན་པ། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཀྱང་ཆགས་ཡོད། སྔ་མོ་དཔལ་ནཱ་ལཎྜའི་མཁས་པ་ཚོའི་སེམས་ཁམས་རིག་པའི་རྣམ་གཞག་དེ་ཧ་ཅང་ཚད་མཐོན་པོར་སོན་ཡོད། དེང་སྐབས་ནུབ་ཕྱོགས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་བསྡུར་བ་ཡིན་ན་སྔོན་འགྲོ་ལྟ་བུ་རེད། སྤྱིར་སྔ་མོ་རྒྱ་གར་དུ་མཁས་པ་ཆེན་པོ་མང་པོ་བྱུང་ཡོད་ཀྱང་དེང་སྐབས་རྒྱ་གར་བ་ཚོས་ཕྱི་དངོས་པོའི་རིན་ཐང་ཐོག་བསམ་བློ་ཤུགས་ཆེ་བ་གཏོང་གི་འདུག སྤྱིར་ཕྱི་དངོས་པོའི་ཡར་རྒྱས་ཧ་ཅང་གལ་ཆེ་ཡིན། ཕྱོགས་མཚུངས་ནང་སེམས་ཀྱི་རིན་ཐང་ཐོག་དོ་སྣང་བྱ་རྒྱུ་དེ་ཡང་རང་ཉིད་མི་ཚེ་དོན་ལྡན་ཡོང་བར་ཕན་ཐོགས་ཆེན་པོ་ཡོད། དེང་སྐབས་ཕྱི་དངོས་པོའི་མཐུན་རྐྱེན་བཟང་པོ་ཡོད་པར་བརྟེན། གནད་དོན་གང་དང་གང་ཡིན་རུང་བརྟག་དཔྱད་བྱས་ཏེ་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་གནས་དཀའ་ངལ་སོགས་ལ་གདོང་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ལོ་ངོ་བཞི་བཅུ་ཉེ་བའི་རིང་ནང་པའི་ཚན་རིག་དང་ཚན་རིག་གཉིས་དབར་བགྲོ་གླེང་བྱས་པ་དེ་དག་ལྷ་ཡུལ་ཡོད་མེད་དང་སྐྱེས་བ་ཕྱི་མ་ཡོད་མེད་སྐོར་གང་ཡང་བགྲོ་གླེང་བྱེད་ཀྱི་མེད། དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་སེམས་དང་སྲོག་གི་རྣམ་གཞག་སོགས་ཀྱི་སྐོར་བགྲོ་གླེང་དང་གོ་བསྡུར་བྱས་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ། དེ་རྗེས་རྒྱ་གར་བྱང་ཕྱོགས་ཤེས་ལྡན་མི་སྣ་ཁག་གཅིག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་རྡུལ་ཕྲན་གཅིག་སྟེང་གི་འཇིག་རྟེན་ཞེས་པ་དེ་ཧིན་སྐད་དུ་ཕབ་སྒྱུར་ཞུས་པ་སྤྱན་འབུལ་ཞུས་རྗེས་ཁོང་རྣམས་ལ་མཇལ་ཁ་སྩལ། དེ་རྗེས་༸གོང་ས་མཆོག་བཞུགས་གནས་མགྲོན་ཁང་དུ་ཆིབས་ཞལ་བསྒྱུར་བ་བཅས། །