༢༠༡༥ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས།
༄༅། །རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་ཌུའི་མངའ་སྡེའི་རྒྱལ་ས་ཅེན་ནའི་གཙོ་བོར་གྱུར་བས་ཁུལ་དེའི་ས་ཁུལ་ཁག་ཏུ་ཉེ་ལམ་ཆར་ཞོད་ཧ་ཅང་ཆེ་བས་རྐྱེན་གྱིས་ཆུ་ལོག་ཚབས་ཆེ་བྱུང་བར་བརྟེན། ད་བར་མི་གྲངས་ ༢༦༠ བརྒལ་བ་རྐྱེན་འདས་སུ་ཕྱིན་པ་མ་ཟད། མི་གྲངས་སྟོང་ཕྲག་མང་པོའི་སྡོད་ཁང་དང་སློབ་གྲྭ སྨན་ཁང་། འགྲུལ་ལམ། བཟོ་ལས་ཁང་། ལས་ཁུངས། ཚོང་ཁང་། ཟ་ཁང་སོགས་ཀྱི་ནང་རྒྱུན་ལྡན་གྱི་བྱེད་སྒོ་མཐའ་དག་ལ་འགོག་རྐྱེན་ཤུགས་ཆེ་བཟོས་ནས་ད་ཆ་དཀའ་ངལ་ཧ་ཅང་ཆེ་བའི་གནས་སྟངས་འོག་ལྷུང་ཡོད་སྟབས།
ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏ་མིལ་ན་ཌུའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་སྐུ་ཇ་ཡཱ་ལ་ལིཏྟཱ་ Chief Minister Jayalalitha མཆོག་བརྒྱུད་ནས་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། ཅེན་ནའི་གྲོང་ཁྱེར་ནི་ངོས་རང་ཕྱི་ལོ་ ༡༩༥༦ ལོར་སྟོན་པ་མྱང་འདས་ཀྱི་དུས་དྲན་སྲུང་བརྩི་ཞུ་ཆེད་རྒྱ་གར་དུ་ཐོག་མར་འབྱོར་སྐབས་ལྟ་སྐོར་བསྐྱོད་སའི་གྲོང་ཁྱེར་ཞིག་ཡིན། དེ་ནས་ལོ་ཤས་ནང་ངོས་རང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཅེན་ནའི་ཁུལ་དེར་ཐེངས་འགའ་ཤས་བསླེབས་མྱོང་ཡོད་པ་མ་ཟད། བདུན་ཕྲག་གསུམ་ཙམ་གྱི་གོང་ངོས་རང་གྲོང་ཁྱེར་འདིར་ཡོང་སྐབས་ཆར་པ་འགོ་ཚུགས་ཙམ་གྱི་སྐབས་རེད། ཅེས་གསུང་འཕྲིན་སྩལ་བ་དང་སྦྲགས། གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོ་མཚོན་སླད་མྱུར་སྐྱོབ་ལས་གཞིའི་འགྲོ་གྲོན་དུ་ཧིན་སྒོར་འབུམ་ ༡༥ ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་གསོལ་སྩལ་མཛད་ནས་མུ་མཐུད་གསུང་འཕྲིན་ནང་འཁོད་དོན། ངོས་ཀྱིས་སྐུ་ཉིད་མཆོག་དང་མངའ་སྡེའི་མི་མང་ཚོ་བརྒྱུད་ནས་ཐེངས་འདིར་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་སྨོན་ལམ་ཞུ་རྒྱུ་མ་ཟད། རྒྱུ་དངོས་ཆུད་ཟོས་སུ་སོང་བ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད།།