༢༠༡༥ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་སི་ཀོ་ཊི་ལེན་ཌིའི་ཡུལ་གྱི་རྒྱལ་ས་ཨེ་ཌེན་བྷར་ Edinburgh ནང་དུ་སི་ཀོ་ཊི་ལེན་ཌིའི་ཡུལ་གྱི་ PPA Scotland magazine awards ཞེས་དུས་དེབ་ཁག་ལ་བྱ་དགའ་འབུལ་རྒྱུའི་མཛད་སྒོ་གོ་སྒྲིག་ཞུ་སྐབས། བྷིག་ཨི་ཤུ་ The Big Issue ཞེས་པའི་དུས་དེབ་ཀྱི་གསར་འགོད་པར་རྩོམ་འབྲི་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག
དེ་ཡང་གཟེངས་རྟགས་ཐོབ་པའི་དུས་དེབ་དེའི་མདུན་ཤོག་སྟེང་༸གོང་ས་མཆོག་གི་སྐུ་པར་ཡོད་པ་མ་ཟད། དུས་དེབ་དེའི་གསར་འགོད་པ་སྐུ་ཞབས་ཨེ་ཌམ་ཕོ་རེ་སི་ཊར་ Adam Forrester ལགས་ཀྱིས་༸གོང་ས་མཆོག་ལ་དམིགས་བསལ་བཅར་འདྲི་ཞུས་པ་ཁག་ནས་ངོས་རང་སྐྱབས་བཅོལ་བ་ཞིག་ཡིན། ཞེས་བཀའ་ལན་སྩལ་བ་འགོ་བརྗོད་དུ་བཀོད་འདུག སྐུ་པར་སྒྲོན་མཁན་པར་པ་གྲགས་ཅན་སྐུ་ཞབས་ལུ་ཝི་སི་ཧེ་ཝུ་ཌི་ཤི་ཕར་ Louis Haywood Schiefer ལགས་ཡིན་འདུག བྷིག་ཨི་ཤུ་ཞེས་པའི་དུས་དེབ་འདི་ནི་སི་ཀོ་ཊི་ལེན་ཌིའི་ནང་པར་སྐྲུན་དང་འདོན་སྤེལ་གནང་ནས་དབྱིན་ཡུལ་རྒྱལ་ཡོངས་ནང་ཚོང་འགྲེམས་ཞུ་བཞིན་ཡོད་འདུག། དུས་དེབ་དེ་གསར་འཛུགས་གནང་སྟེ་ད་བར་ལོ་ ༢༤ ཕྱིན་ཡོད་འདུག་པ་བཅས། འདི་ལོའི་དུས་དེབ་རྩེ་ཕུད་ཀྱི་འགྲན་བསྡུར་ནང་སི་ཀོ་ཊི་ལེན་ཌིའི་རྒྱལ་ཡོངས་ནས་དུས་དེབ་ཁྱོན་ ༡༦༠ ཡོད་ཁོངས་ནས་ཚོང་དང་སྒྱུར་རྩལ། ཤེས་ཡོན། སྨན་དང་འཕྲོད་བསྟེན། སྤྱི་ཚོགས། བརྒྱུད་ལམ། རྩེད་རིགས། རྒྱལ་རབས། ཆབ་སྲིད། གཞོན་སྐྱེས་སོགས་བརྗོད་གཞི་ཁག་འདྲ་མིན་ཡོད་འདུག