༢༠༡༥ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སྦེལ་ཀོབ་སེ་ར་ཆོས་སྒར་གྱི་ཡ་གྱལ་སེར་སྨད་ཚན་རིག་སྡེ་ཚན་གྱི་ཚན་རིག་འགྲེམས་སྟོན་དབུ་འབྱེད་མཛད་པ་དང་། ཕྱོགས་མཚུངས་སེར་བྱེས་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཐོག་དཔལ་ནཱ་ལནྡྲའི་ཆོས་བརྒྱུད་དང་རིག་གསར་གྱི་ཚན་རིག་གཉིས་ཟུང་འབྲེལ་ཐོག་སྐྱ་སེར་དབྱེ་བ་མེད་པར་སློབ་གཉེར་གནང་ཐུབ་ཚེ་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་ཆགས་རྒྱུ་རེད། ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༧།༣༠ ཐོག་༸གོང་ས་མཆོག་གིས་སེར་སྨད་ཚན་རིག་སྡེ་ཚན་གྱིས་གོ་སྒྲིག་གནང་བའི་ནང་ཆོས་དང་ཚན་རིག་གི་ལྟ་ཚུལ་གཉིས་ཕན་ཚུན་མཉམ་གཤིབས་དང་ཁ་སྐོང་བྱས་པའི་ཐོག་ནས་སའི་གོ་ལའི་མ་ལག་གི་འགྱུར་བ་འགྲོ་ལུགས་དང་། དེ་དག་འགྱུར་བ་ཇི་ལྟར་འགྲོ་བ་སོགས་ཀྱི་བརྗོད་གཞི་དུ་མ་ཅན་གྱི་དཔར་རིས་དང་འགྲེལ་བརྗོད་འཁོད་པའི་འགྲེམས་སྟོན་དེ་ཉིད་དབུ་འབྱེད་མཛད་པ་དང་ལྷན། འགྲེམས་སྟོན་གྱི་པར་རིས་ཁག་ལ་ཐུགས་ཞིབ་མཛད་བཀའ་སློབ་སྩལ། གཞན་ཡང་སྐབས་དེར་བྱང་རྩེ་ཆོས་རྗེ་མཆོག་དང་། སེ་ར་བྱེས་སྨད་གཉིས་ཀྱི་མཁན་བླ། རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་དང་འབྲེལ་ཡོད་ཚན་རིག་སྡེ་ཚན་གྱི་ལས་བྱེད། དེ་བཞིན་ཚན་རིག་པ་ཁག་གཅིག སློབ་མ་བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་ཡོད།
ཚན་རིག་གི་འགྲེམས་སྟོན་དེ་ཉིད་ལེགས་གྲུབ་ཟིན་རྗེས་མགོན་པོ་གང་ཉིད་མཆོག་སེར་བྱེས་སློབ་གྲྭར་ཆིབས་སྒྱུར་བཀའ་དྲིན་ཆེ་འཁོད་ཀྱིས་སེར་བྱེས་སློབ་གྲྭའི་ཚན་རིག་སྡེ་ཚན་གྱིས་ཆུ་ཁམས་འཁོར་བསྐྱོད་སོགས་གཞི་རིམ་ཚན་རིག་དང་འབྲེལ་བའི་བརྗོད་གཞི་རྣམ་མང་གི་འགྲེམས་སྟོན་ཁག་ལ་ཐུགས་ཞིབ་མཛད་དེ་བཞུགས་ཁྲིར་འཁོད་མཚམས་བཀའ་སློབ་སྩལ་དོན། སློབ་གྲྭ་འདི་འདྲ་ཞིག་བཙུགས་ནས་ད་བར་གྲུབ་འབྲས་ཧ་ཅང་ཡག་པོ་བྱུང་འདུག་པར་བརྟེན། ངོས་ནས་སློབ་གྲྭ་འདིའི་དགེ་ལས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱི་ནམ་རྒྱུན་ནས་བརྗོད་པ་བཞིན་དཔལ་ནཱ་ལེནྡྲ། ཞེས་བརྗོད་སྐབས་སྔ་མོ་དེའི་ཚེ་དེའི་དུས་ནང་པའི་དགོན་པ་ཞིག་ཡོད་པ་དང་། དགོན་པ་དེའི་ནང་ཚོགས་འཚོགས་པ་ཙམ་ཞིག་ཕལ་ཆེར་རེད་མི་འདུག སྐབས་དེར་རིག་གནས་ཆེ་ཆུང་ཚང་མར་སློབ་སྦྱོང་བྱེད་རྒྱུ་ཡོད་པའི་ཤེས་ཡོན་གྱི་བསྟི་གནས་གལ་ཆེ་བ་ཞིག་ཆགས་ཡོད། དེ་ནས་རིམ་བཞིན་ནང་ཆོས་ཀྱི་བསྟི་གནས་ཤིག་ཚུགས་པ་དང་། ཀླུ་སྒྲུབ་ཡབ་སྲས་མ་བྱོན་གོང་ནང་སློབ་སྦྱོང་གི་བསྟི་གནས་ཤིག་ཆགས་ཡོད་པ་འདྲ། རིམ་པས་ནང་ཆོས་ཀྱི་མཁས་པ་དེ་འདྲ་བསྟི་གནས་ཁང་དེའི་ནང་བཞུགས་ནས་ནང་ཆོས་ཀྱི་ཞག་རྩི་ཡོད་སྟབས། ལྟ་གྲུབ་འདྲ་མིན་ཡོད་པ་དང་། སེམས་ཁམས་རིག་པས་མཚོན་པའི་སློབ་སྦྱོང་མང་པོ་ཞིག་བྱ་རྒྱུ་ཡོད་པའི་བསྟི་གནས་ཤིག་ཡིན་པར་བརྟེན། རིང་པོར་མི་སོང་བར་ནཱ་ལེནྡྲ་ཟེར་སྐབས་ནང་པ་རང་གི་སློབ་གཉེར་ཁང་ཆེན་པོ་ཞིག་ཆགས་ཐུབ་པ་བྱུང་བ་ཞིག་རེད། སློབ་སྦྱོང་གི་སྣེ་གཅིག་མིན་པར་དེའི་ཚེ་དེའི་དུས་ལ་སློབ་སྦྱོང་མང་པོ་ཞིག་སྦྱང་རྒྱུ་ཡོད་པ་སོགས་ལ་བརྟེན་ནས་ཤེས་ཡོན་གྱི་བསྟི་གནས་ཤིག་ཏུ་གྱུར་བའི་ཆེ་མཐོང་ཡོད་པ་བཞིན་ངོས་འཛིན་ཡང་ཐོབ་ཡོད། ང་ཚོ་བོད་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་སློབ་སྦྱོང་བྱེད་མཁན་ཆགས་ཡོད། ངོས་རང་འཛམ་གླིང་ས་ཆ་ཁག་གང་སར་བསྐྱོད་སྐབས་དེ་འདྲ་ཤོད་ཀྱི་ཡོད།
འཛམ་གླིང་འདིའི་སྒང་སྤྱིར་ནང་པའི་ཡུལ་གྲུ་མང་པོ་ཡོད་ཀྱང་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་སོགས་ཀྱིས་བསྟན་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དང་ལྷག་པར་ཚད་མར་སློབ་གཉེར་བྱས་ནས་བདག་པོ་རྒྱག་མཁན་བོད་པ་གཅིག་པུ་རེད་ཅེས་འབྲེལ་བ་ཡོད་པའི་ཆ་ནས་དེ་འདྲ་ཤོད་ཀྱི་ཡོད། ལྷག་པར་གཞུང་ཆེན་དེ་ཚོར་བདག་པོ་རྒྱག་མཁན་ང་ཚོ་བོད་པ་གཅིག་པུ་མ་གཏོགས་སུ་གཅིག་ཀྱང་མེད། འདི་དངོས་གནས་ང་རང་ཚོ་སྤོབས་པ་སྐྱེ་འོས་པ་ཞིག་རེད། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་དག་ལེགས་སྦྱར་སྐད་སོགས་སྐད་ཡིག་གང་ལའང་ལྟོས་མི་དགོས་པར་བོད་ཡིག་ནང་སློབ་སྦྱོང་བྱེད་ཐུབ་རྒྱུ་ཡོད་པ་ཞིག་ཆགས་ཡོད། དེ་རིང་ཁ་སང་ནང་ཆོས་དོན་གཉེར་ཡོད་མཁན་མཁས་པ་ཚོས་བོད་ཡིག་བཀླག་པར་ཨུ་ཚུགས་བརྒྱབ་ཀྱི་འདུག དེ་བཞིན་ནུབ་ཕྱོགས་པ་དོན་གཉེར་ཡོད་པའི་མི་ཚོས་ཚིག་མཛོད་ཤ་སྟག་བལྟས་བྱས་སློབ་སྦྱོང་བྱེད་ཀྱི་ཡོད། ཚིག་མཛོད་གཅིག་པུས་ནང་ཆོས་ཀྱི་གོ་བ་ཆ་ཚང་ལོན་ཁག་པོ་ཡིན། འོན་ཀྱང་ང་ཚོ་བོད་པ་སོ་སོའི་སྐད་ཡིག་ཐོག་ཚིག་འགྲེལ་རྒྱག་རྒྱུ་ཡོད་པ་ཞིག་ཡིན་པར་བརྟེན། དངོས་གནས་དྲང་གནས་ང་རང་ཚོའི་མེས་པོ་ཚོའི་བཀའ་དྲིན་དྲན་དགོས་པ་ཞིག་རེད། ང་རང་ཚོའི་མི་རབས་ཀྱི་གནས་སྟངས་སྐྱོ་བོ་རེད་ཀྱང་དེ་འདྲའི་གཞུང་ཆེན་ཁག་ལ་ཐོས་བསམ་སྒོམ་གསུམ་གྱིས་སློབ་གཉེར་བྱ་རྒྱུ་ཡོད་པ་དེ་ཐུན་མོང་མ་ཡིན་པ་ཞིག་རེད་འདུག
ད་ལྟ་བར་དུ་ང་ཚོས་ལོ་བརྒྱ་ཕྲག་མང་པོ་དཀའ་ལས་བརྒྱབ་ནས་བདག་པོ་བརྒྱབ་ཡོད་ཀྱང་མ་ཚང་བ་དང་མ་འདང་བའི་ས་གང་ཡོད་རེད་ཅེས་ན་དེང་དུས་ཀྱི་ཤེས་ཡོན་དང་། ལྷག་པར་ང་རང་ཚོའི་དཔེ་ཆའི་ནང་དངོས་ཁམས་རིག་པའི་སྐོར་ཕྲན་བུ་ཞིག་གསུང་ཡོད་ཀྱང་། རིག་གསར་ཚན་རིག་པ་ཚོས་མི་རབས་ནས་མི་རབས་ཞིབ་འཇུག་བྱས་ནས་གྲུབ་དོན་ཡོད་པའི་རིག་གསར་ཚན་རིག་ཐོག་ང་ཚོས་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན་ལོ་སྟོང་ཕྲག་རིང་གི་དཔལ་ནཱ་ལེནྡྲའི་ལེགས་བཤད་དེ་དག་ང་ཚོས་བདག་པོ་བརྒྱབ་པ་དང་ལྷན་ང་ཚོས་འབྲེལ་ཡོད་དེང་རབས་རིག་གསར་གྱི་སློབ་སྦྱོང་ཐོག་ཤུགས་འཕར་མ་ཞིག་བརྒྱབ་ཐུབ་ན་ངོས་ཀྱི་ནམ་རྒྱུན་བརྗོད་པ་བཞིན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་ཆགས་རྒྱུ་རེད། དེར་བརྟེན་ཁྱེད་རང་ཚོས་ང་ཚོ་དགེ་འདུན་གྱི་སྤྱི་ཚོགས་ཙམ་མིན་པར་སྐྱ་སེར་དབྱེར་མེད་ཚང་མས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཚད་གོང་མཐོར་གཏོང་དགོས་པ་ཡིན། དེ་འདྲ་ཞིག་བྱུང་ཐུབ་ཚེ་ཕྱི་དངོས་པོའི་ཡར་རྒྱས་དང་། ཕྱིའི་ཁོར་ཡུག་སྐོར་ཤེས་རྟོགས་ཡོད་པ་ཞིག་དང་། ནང་སེམས་ཀྱི་ཉོན་མོངས་དུག་གསུམ་ལ་བརྟེན་ནས་འཛམ་གླིང་སྟེང་རྙོག་གྲ་ལུང་པ་གང་བཟོ་མཁན་གྱི་ནང་སེམས་ཀྱི་ཁོར་ཡུག་དེ་ཡང་གཙང་མ་བཟོ་དགོས་པ་ཡིན། བོད་པར་ནང་སེམས་ཀྱི་ཁོར་ཡུག་གཙང་མ་བཟོ་རྒྱུའི་ཆ་རྐྱེན་སྔ་ས་ནས་ཡོད་པ་དང་། ཆ་རྐྱེན་ཡོད་པ་དེ་ཡང་སྨོན་ལམ་འདེབས་པ་གཅིག་པུ་མིན་པར་རྒྱུ་མཚན་བསམ་བློ་བཏང་ནས་ནང་སེམས་ཀྱི་ཁོར་ཡུག་གཙང་མ་བཟོ་རྒྱུ་ཡོད་པ་ཞིག་ཡོད་སྟབས་དེ་ཧ་ཅང་གི་རླབས་ཆེན་པོ་རེད། དེར་བརྟེན་ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་དེ་མ་འོངས་པར་གཞན་ཕན་རླབས་ཆེན་པོ་ཞིག་བྱེད་རྒྱུ་དང་། དེ་དང་ཆབས་གཅིག་བོད་མི་རིགས་ཀྱི་རིག་གཞུང་གི་མཚན་མཐོང་ཆེ་རུ་འགྲོ་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་ཡིན། དེར་བརྟེན་ཚང་མས་ཧུར་ཐག་བྱོས་ཤོག་ཨང་། ཅེས་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཏེ་སྤོ་འབོར་ཁམས་ཚན་གྱི་གཙུག་ལག་ཁང་གསར་རྒྱག་ལེགས་གྲུབ་ཟིན་པར་རབ་གནས་བཀའ་དྲིན་ཆེ་བར་བསྐྱང་ཆེད་སྤོ་འབོར་ཁམས་ཚན་ཕྱོགས་སུ་ཆིབས་ཞལ་བསྒྱུར་བ་བཅས། །