༢༠༡༥ ཟླ་ ༡༢ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་ལོ་ངོ་ ༢༦ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐང་ཉིན་མོའི་མཛད་སྒོ་དེ་བཞིན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༠ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་དུ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་དབུས་ཕྱག་སྦྲེལ་ཁྲིམས་ཞིབ་པ་གཞན་རྣམ་གཉིས་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ཕྱག་སྦྲེལ་བཀའ་བློན་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་ཕྱག་སྦྲེལ་སྤྱི་འཐུས་རྒྱུན་ལས་རྣམ་པ། སྐུ་མགྲོན་གཙོ་བོ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། རྒྱ་གར་དང་བོད་རིགས་གསར་འགོད་པ། དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མི་སེར་སྐྱ་རྒན་དར་གཞོན་གསུམ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་ཐོག་མར། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་སྐུ་མགྲོན་གཙོ་བོ་མཆོག་ལ་ཕེབས་བསུ་ཞུས་རྗེས། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་།
དེ་ནས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་བཏང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས། བོད་ཀྱི་ཟློས་གར་ཚོགས་པས་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་བསྟོད་དབྱངས་མཉམ་གཞས་ཕུལ། དེ་རྗེས་འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ནང་འཕྲོད་བསྟེན་དང་འབྲེལ་བའི་སྲི་ཞུ་གནང་མཁན་ཞབས་ལོ་ ༢༥ ལོན་པའི་ལས་བྱེད་རྣམས་ལ་སྲིད་སྐྱོང་མཆོག་གིས་གཟེངས་བསྟོད་ལེགས་སྐྱེས་གནང་གྲུབ་བསྟུན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༡༩༩༦ ལོར་འགྲེམས་སྤེལ་གནང་བའི་ (The Panchen Lama Lineage:How Reincarnation is Being Reinvented as a Political Tool) ཞེས་པའི་དཔེ་དེབ་དེར་ཁ་སྣོན་གྱིས་པར་སྐྲུན་ཞུས་པ་དབུ་འབྱེད་གནང་།
དེ་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་བསྟུན། རྡ་སྟེང་བོད་ཁྱིམ་སློབ་མ་རྣམས་ནས་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་། དེ་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་དང་ད་ཆ་ཚོགས་པའི་སློབ་སྟོན་པ་རམ་སྭ་རུབ་ལགས་ཀྱིས་གསུང་བཤད་གནང་རྗེས། བོད་ཀྱི་ཟློས་གར་ཚོགས་པས་གཞས་སྣ་༼ནང་སྟོད་ཞབས་བྲོ།༽ ཞེས་པ་གཟིགས་འབུལ་ཞུས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཨིན་གཉིས་ཐོག་བཀའ་ཤག་གི་གསུང་བཤད་གནང་གྲུབ་མཚམས། ཡོངས་གླིང་སློབ་གྲྭའི་སློབ་མ་ནས་༼གཡུ་ཡི་གཤོག་ལྡན།༽ ཞེས་པ་དང་། བོད་ཁྱིམ་ཉིན་སློབ་ནས་ ༼ཨ་མའི་ཨོ་ལོ།༽ ཞེས་པ་འཁྲབ་སྟོན་གནང་། དེ་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་ཤཱ་པུར་ས་ཁུལ་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་སར་ཝིན་ཅོ་དི་རི་མཆོག་གིས་གསུང་བཤད་གནང་རྗེས། ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲོག་འོག་ས་གནས་ཡུལ་མི་ནས་གཞས་སྣ་གཅིག་དང་། ཐང་སྟོང་གླུ་གར་ནས་ ༼བརྒྱད་ཅུ་རོལ་དབྱངས་ཀྱི་བསྟོད་དབྱངས།༽ཞེས་པའི་གཞས་སྣ་ཁག་འཁྲབ་སྟོན་གནང་རྗེས་གཞུང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།