༢༠༡༥ ཟླ་ ༡༢ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༠ ཉིན་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ ནས་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༩༩ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཉིན་བཞི་པའི་ཚོགས་ཐུན་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་དོན་གཏམ་བཤད་གནང་ཕྱོགས་དང་འབྲེལ་བའི་སྐོར་གསུང་བཤད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་། ཤེས་རིག་སྲོལ་རྒྱུན་ཚན་པ་དང་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་གཅིག་ལྕོགས་ཚེ་རིང་བསམ་གྲུབ་ལགས། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། རྡ་ཤོད་བོད་ཁྱིམ་ཀྱི་སློབ་སྤྱི་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྲིད་སྐྱོང་མཆོག་གིས་ཁ་སང་ཕྱི་དྲོ་ས་ཁུལ་ཁག་བཞི་ཆ་བགོས་ཀྱིས་བུ་མོའི་རུ་ཁག་ནང་ཁུལ་སིལ་སྤོལ་འགྲན་བསྡུར་གྱི་བྱ་དགའ་གནང་གྲུབ་བསྟུན། སྲིད་སྐྱོང་མཆོག་གིས་མང་ཚོགས་ཁྲོད་གཏམ་བཤད་གནང་ཕྱོགས་ཀྱི་རིག་རྩལ་གང་ཞིག་སྤྱད་དགོས་པ་སོགས་ཀྱི་སྐོར་པར་རིགས་ཀྱི་ལམ་ནས་མཛུབ་འཁྲིད་ལམ་སྟོན་དང་སྦྲགས་གསུང་བཤད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་སྐར་མ་གཉིས་ཀྱི་རིང་བོད་དོན་སྐོར་གཏམ་བཤད་གནང་རྒྱུའི་གོ་སྐབས་བྱུང་ཚེ་དུས་ཡུན་ཐུང་ངུ་དེའི་ནང་མང་ཚོགས་ལ་སེམས་འགུལ་ཐེབས་རྒྱུའི་གཏམ་བཤད་གང་འདྲ་ཞིག་བྱེད་དགོས་མིན་དང༌། དེ་འབྲེལ་གལ་ཏེ་རྒྱ་རིགས་ཚོ་ལ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་བྱུང་ཚེ་དབུ་མའི་ལམ་དེ་བོད་དོན་དཀའ་ངལ་སེལ་རྒྱུའི་ཐབས་ཤེས་ཡག་ཤོས་གང་འདྲ་ཞིག་ཡིན་མིན་འགྲེལ་བརྗོད་གནང་དོན།
ཨེམ་(M)དང་པོ་དེ་ཨིན་ཡིག་ནང་ཡོད་པ་བཞིན་ (Mistake) སྟེ་ནོར་འཁྲུལ་ཞེས་པ་དེ་ཡིན། དེ་ཡང་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་ཆབ་སྲིད་ཀྱི་དམ་བསྒྲགས་དང་། ཁོར་ཡུག་གཏོར་བཤིག སྤྱི་ཚོགས་དབྱེ་འབྱེད། དཔལ་འབྱོར་དབྱེ་འབྱེད་བྱས་པ་དེ་དག་ནོར་བ་རེད། ནོར་འཁྲུལ་གཞན་དེ་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་བོད་ཀྱི་དགོན་སྡེ་ཁག་གཏོར་བཤིག་བཏང་ཡོད། དེ་ནས་ཨེམ་(M)གཉིས་པ་རྒྱ་ནག་གཞུང་གིས་ད་ལྟའི་དབུ་མའི་ལམ་གྱི་སྐོར་ལོག་འགྲེལ་བྱས་པ་སྟེ་ཨིན་ཡིག་ནང་། (Misinterpretation) ཞེས་བརྗོད་ཀྱི་ཡོད། ལོག་འགྲེལ་རྒྱག་སྟངས་དེ་ཡང་བོད་པ་ཚོས་དབུ་མའི་ལམ་ཁ་ལ་འཁྱེར་ནས་དོན་དངོས་ཐོག་རང་བཙན་རྩོད་རྒྱུ་རེད། རྒྱ་ནག་ནས་ཁ་བྲལ་བྱེད་རྒྱུ་རེད། སྲིད་བྱུས་དེ་གཉིས་སྨན་ཞིག་མ་རེད། བོད་པ་ཚོར་ཀུན་སློང་གཞན་ཞིག་ཡོད་སྐོར་འགྲེལ་བཤད་ལོག་པ་རྒྱག་བཞིན་ཡོད། ལོག་འགྲེལ་བྱས་པ་དེར་བརྟེན་ཨེམ་བཞི་པ་ (M) དེ་རྒྱ་མི་དང་བོད་མི་དབར་གོ་ནོར་ཐེབས་པ་སྟེ་ཨིན་ཡིག་ནང་། (Misunderstanding)བརྗོད་ཀྱི་ཡོད། ང་ཚོའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ང་ཚོས་ཁ་ཡོད་ལག་ཡོད་དང་ཡིད་ཆེས་ལག་བསྟར་བྱེད་རྒྱུའི་སྲིད་བྱུས་ཤིག་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ནོར་འཁྲུལ་བྱས་པ་དེ་དག་ཁས་ལེན་མ་བྱས་པ་ཙམ་དུ་མ་ཟད། དབུ་མའི་ལམ་གྱི་འགྲེལ་བརྗོད་ལོག་པ་བརྒྱབ་ཀྱི་འདུག འགྲེལ་ལོག་དེས་བོད་རྒྱ་མི་རིགས་གཉིས་དབར་གོ་ནོར་ཐེབས་པའི་རྒྱུ་ཞིག་ཆགས་ངེས་རེད། དེར་བརྟེན་ཨེམ་བཞི་པ་(M)སྟེ་ཨིན་ཡིག་ནང་ཡོད་པའི་ (Middle way ) སྟེ་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཡང་དག་པ་ཞིག་ཡིན། ཨེམ་ལྔ་པ་(M)དེ་ཕན་ཚུན་བསམ་ཤེས་དང་ཡིད་ཆེས་ (Mutual Understanding) བསྐྱར་གསོ་བྱེད་དགོས་རྒྱུ་དེ་རེད། ཅེས་སློབ་ཕྲུག་རྣམས་ལ་གོ་བདེའི་ལམ་ནས་ངོ་སྤྲོད་གནང་བ་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་རྩ་དོན་རྩོད་ནས་མ་འོངས་འཆར་གཞི་གང་ཡིན་མིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། ད་ལྟའི་སློབ་ཕྲུག་ཚོ་ནི་མ་འོངས་བོད་པའི་སྤྱི་ཚོགས་ནང་ལས་སྣེ་སྣ་ཚོགས་ཀྱི་ཐོག་ལ་འགོ་ཁྲིད་ཀྱི་འགན་ཁུར་ནུས་མཁན་ཞིག་ཡིན་པའི་ཆ་ནས་ད་ལྟ་ནས་རིག་པ་སྒྲིམ་ཏེ་ཆོལ་ཁ་དང་ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་གྱི་ཐོག་ནས་དུས་རབས་ ༢༡ པའི་བོད་པ་ཞིག་བྱེད་དགོས་པ་དང༌། འདབ་གཤོག་གཉིས་ལྡན་གྱི་བོད་མི་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ། རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་འཚོ་བ་ཁོ་ནའི་དོན་དུ་སློབ་སྦྱོང་བྱེད་རྒྱུའི་ཀུན་སློང་ཙམ་མིན་པར་བོད་ཀྱི་རྩ་དོན་ཆེད་ཞབས་འདེགས་ཞུ་རྒྱུའི་ཆེད་སློབ་སྦྱོང་བྱ་དགོས་པ་ཡིན།
དེང་སྐབས་རྒྱལ་སྤྱིའི་སྟེང་འགྱུར་བ་མང་པོ་ཞིག་འགྲོ་བསྡད་ཀྱི་ཡོད་དུས་རྒྱ་ནག་ལ་ནམ་ཞིག་འགྱུར་བ་འབྱུང་ཚེ་བོད་ཀྱི་དཀའ་ངལ་སེལ་ངེས་ཡིན་པ་སོགས་གསུངས་ཡོད།
གཏམ་བཤད་ཀྱི་མཇུག་ཏུ་སྲིད་སྐྱོང་མཆོག་གིས་བོད་པའི་སྤྱི་ཚོགས་ནང་མི་རེ་ཟུང་ཞིག་གིས་གཏམ་བརྗོད་རང་དབང་དང་མང་གཙོའི་ཁེ་དབང་བེད་སྤྱོད་ལོག་པར་སྤྱད་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་བོད་དང་བོད་མིའི་དོན་དུ་སྐུ་ལས་བསྐྱོན་པ་དེར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ཚབ་ཏུ་མཚན་སྨད་ཞུ་བཞིན་པ་དེ་ནི་ནོར་འཁྲུལ་ཆེན་པོ་རེད་ཅེས་གསུངས། །