༢༠༡༥ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། སྔ་འགྱུར་རྙིང་མའི་སྲོག་ཤིང་༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་བཤད་སྒྲུབ་ཉིན་བྱེད་འཕྲིན་ལས་དཔལ་བཟང་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ སྔ་དྲོར་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པ་དེ་ནི་བོད་བསྟན་སྲིད་སྤྱི་དང་ཡང་སྒོས་སྔ་འགྱུར་རྙིང་མའི་བསྟན་པར་ཤིན་ཏུ་ཕངས་པའི་ཡིད་སྐྱོའི་གནས་ཚུལ་ལ་སོང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡིད་གདུང་དྲག་པོ་བྱུང་ཞིང་། སྐྱེས་མཆོག་དམ་པ་དེ་ཉིད་ནི་ཡར་འབྲོག་སྣ་དཀར་རྩེར་ཕུན་ཚོགས་དཀྱིལ་ཁང་ངམ། ཕུན་ཁང་ཞེས་པའི་གྲོང་པར་ཡབ་རྣམ་རྒྱལ་རྡོ་རྗེ་དང་། ཡུམ་རྡོ་རྗེ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༦ ལོར་སྐུ་འཁྲུངས་ཤིང་། རིག་འཛིན་ཆེན་པོ་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་དབང་མཉམ་ཉིད་རྡོ་རྗེ་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་ལྔ་པ་ཕྱི་ལོ་ ༡༩༣༡ ལོར་ཡར་འབྲོག་སྟག་ལུང་རྩེ་གྲྭ་ཚང་དུ་གདན་དྲངས། ཆུ་བཟང་མཁན་ཆེན་པདྨ་ངེས་དོན་བསྟན་པའི་ཉི་མར་གཙུག་ཕུད་ཕུལ་བས་བཤད་སྒྲུབ་ཉིན་བྱེད་འཕྲིན་ལས་དཔལ་བཟང་པོ་ཞེས་མཚན་གསོལ་བ་ནས་བཟུང་། དགེ་བའི་བཤེས་གཉེན་དམ་པ་དུ་མའི་སྐུ་མདུན་ནས་གསན་བཞེས་རྒྱ་ཆེ་གཙོས་གསན་བསམ་སློབ་གཉེར་དང་། ལྷག་པར་བསྟན་པ་སྤྱི་བྱེའི་དབང་ལུང་མན་ངག་གི་རྒྱུན་ཡོད་དོ་ཅོག་གསན་བཞེས་གནང་བ་སོགས་རིས་མེད་བསྟན་པའི་གཙུག་རྒྱན་དུ་གྱུར།
ཕྱི་ལོ་ ༡༩༥༩ ལོར་སྐུ་འཁོར་དང་བཅས་འབྲུག་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་པ་དང་། དེ་རྗེས་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་སིམ་ལར་འཕགས་ཡུལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་སྡེ་སོགས་གསར་བཞེངས་བཀའ་དྲིན་བསྐྱངས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་སྣང་འདྲིས་ཤིང་༸གོང་ས་མཆོག་གི་གསང་གསུམ་མཛད་འཕྲིན་ལ་མངོན་པར་དད་ཅིང་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་སྨན་པའི་མཛད་འཕྲིན་བླ་མེད་བསྐྱངས་ཡོད་པ་དང་།
ཕྱི་ལོ་ ༢༠༡༢ ལོར་སྔ་འགྱུར་རྙིང་མའི་དབུ་འཛིན་གྱི་མཚན་གནས་མཛད་འགན་བཞེས་ཏེ། ད་ལམ་ཞི་བར་མ་གཤེགས་བར་མུ་མཐུད་མཛད་འགན་བཞེས། མདོར་ན། དམ་པ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་པ་འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་དགོན་པའི་མཁན་རིན་པོ་ཆེས་དབུས་ལས་སྣེ་རྣམ་པ་དང་། འདུས་མང་། སློབ་མ། སྐུ་འཁོར་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིད་གདུང་དྲག་པོས་ཐུགས་གསོ་ཞུ་རྒྱུ་དང་། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་མཁན་རིན་པོ་ཆེས་དབུས་ལས་དཔུང་དམ་པར་འཁྲུལ་བྲལ་ཡང་སྲིད་མཆོག་སྤྲུལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཞེས་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་ཐུགས་གསོའི་ཕྱག་བྲིས་འབུལ་ལམ་ཞུས་ཡོད་པ་དང་། ད་དུང་ཐུགས་གསོ་ཞུ་རྒྱུ་དང་མཆོད་འབུལ་དུ་མཉམ་ཞུགས་སླད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐྱབས་རྗེ་རིན་པོ་ཆེ་མཆོག་ད་ལམ་དགོངས་པ་ཞི་བར་གཤེགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་བཅར་གནང་ཟིན་ཡོད་པ་རེད།།