ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣༠ ནས་ཕྱི་ཟླ་ ༡༢ ཚེས་ ༡༡ བར་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་འཚོགས་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་སྣེ་ཁྲིད་འོག འཛམ་གླིང་གི་སྣེ་གསུམ་པ། ཞེས་པའི་ལས་འགུལ་ཚོགས་པ་ཞིག་བཙུགས་ནས་པེ་རི་སི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་ཀྱི་ཁོར་ཡུག་གི་གནས་བབ་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གལ་གནད་ཧ་ཅང་ཆགས་ཡོད་པ་ཞིག་ལ་ངོས་འཛིན་གནང་སྟེ། ལྷན་ཚོགས་སྐབས་གླེང་སློང་གནང་རྒྱུའི་གྲོས་གཞིའི་ཁོངས་སུ་ཚུད་ཐབས་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་ནང་གི་གསར་འགོད་པ་ཚང་འཛོམས་ཐོག་སྲིད་སྐྱོང་མཆོག་དབུ་བཞུགས་ཀྱིས་ཕྱི་དྲིལ་བཀའ་བློན་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན། ཕྱི་དྲིལ་དྲུང་ཆེ་རྣམ་པ་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད། པེ་རི་སིར་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་སྐབས་བོད་ཀྱི་ཁོར་ཡུག་དེ་གལ་གནད་ཆེ་ཤོས་གྲས་ངོས་འཛིན་གནང་དགོས་པའི་ཞུ་སྐུལ་ལས་འགུལ་ཞིག་ཀྱང་སྤེལ་བ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་སྩལ་བའི་བརྙན་འཕྲིན་ཞིག་ཀྱང་བསྟན་ཡོད་པ་མ་ཟད། ཕྱི་དྲིལ་ཁོར་ཡུག་ཚན་པས་རྒྱལ་ཚོགས་དང་། རྒྱ་ནག་གཞུང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་དོན་ཚན་ ༡༠ འཁོད་པའི་འབོད་སྐུལ་གྱི་ཞུ་ཡིག་ཞིག་ཀྱང་ཕུལ་བ་དང་ལྷན། བོད་མཐོ་སྒང་གི་གནམ་གཤིས་དེ་གོ་ལ་སྤྱིའི་གནམ་གཤིས་སྲུང་སྐྱོབ་ཆེད་གནད་འགག་ཆེན་པོ་ཇི་ཙམ་ཆགས་ཡོད་པའི་དཔང་རྟགས་ཁུངས་སྐྱེལ་གྱི་ཡིག་ཆ་ཞིག་ཀྱང་ཕུལ་འདུག
ཐེངས་འདིར་འཛམ་གླིང་གི་སྣེ་གསུམ་པ། ཞེས་པའི་ལས་འགུལ་ཚོགས་པའི་ཁོངས་ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་གྱིས་བོད་རྒྱའི་གནད་དོན་དེ་ཆབ་སྲིད་རྐྱང་པའི་གནད་དོན་ཞིག་མིན་པར་བོད་ཀྱི་ཁོར་ཡུག་གི་གནས་སྟངས་དེ་ཧ་ཅང་ཛ་དྲག་པོ་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་དང་ལྷན་མཉམ་རུབ་ཐོག་ནས་བོད་ཀྱི་ཁོར་ཡུག་གི་དཀའ་ངལ་སེལ་ཐབས་བྱེད་དགོས་པ་གལ་ཆེར་བརྩི་བཞིན་ཡོད་སྐོར་གསུངས།
གཞན་ཡང་བོད་མི་ལས་འགུལ་བ་ཚོས་རྒྱལ་ས་པེ་རི་སིའི་ནང་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ཉིན་འཇིགས་སྐུལ་དྲག་སྤྱོད་པས་མེ་མདའ་དང་འབར་རྫས་སོགས་གཡུག་ནས་མི་གྲངས་ ༡༣༠ རྐྱེན་ལམ་དུ་བཏང་བ་དང་དེ་ལས་མང་བར་རྨས་སྐྱོན་གཏོང་བའི་ས་གནས་དེར་ཆེད་མངགས་ཕེབས་ནས་སྨོན་ལམ་གསུང་འདོན་དང་སྦྲགས། གདུང་སེམས་མཉམ་སྐྱེ་ཞུས་པ་མ་ཟད། ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་མི་མང་གོམ་བགྲོད་ལས་འགུལ་ནང་མཉམ་ཞུགས་གནང་འདུག
སྤྱིར་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་རྣམ་གཉིས་ཀྱིས་གཙོས་པའི་རྒྱལ་ཁབ་ ༡༥༠ ཙམ་གྱི་དབུ་ཁྲིད་རྣམས་ལྷན་བཞུགས་གནང་ཡོད། ཐེངས་འདིའི་ལྷན་ཚོགས་ཐོག་རྒྱལ་ཁབ་ ༡༩༤ ལྷག་ཙམ་གྱི་སྐུ་ཚབ་ལྷན་འཛོམས་ཐོག་གོ་ལའི་ཚ་དྲོད་རྒྱས་བཞིན་པ་སོགས་གནམ་གཤིས་འགྱུར་ལྡོག་ལ་བརྟེན་པའི་དཀའ་ངལ་རྣམས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པ་དེ་དག་མཚམས་འཇོག་སླད་དོན་དམ་གྱི་ཁྲིམས་སྒྲིག་ནུས་པ་ལྡན་པ་ཞིག་གཏན་འབེབས་ལག་བསྟར་ཐུབ་རྒྱུར་གྲོས་ཆོད་ཤུགས་ཆེ་ཞིག་འཇོག་ཐབས་འབད་བརྩོན་གནང་རྒྱུ་ཡིན་འདུག་པ་བཅས།།