༢༠༡༥ ཟླ་ ༡༢ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༥ ཉིན་ནས་ཕྱི་ཚེས་ ༢༨ བར་ཉིན་བཞིའི་རིང་ཉི་ཧོང་ཨེ་ཤི་ཡའི་མིག་དབང་ཆེད་ལས་མཐུན་ཚོགས་ཀྱིས་རྡ་ས་བདེ་ལེགས་སྨན་ཁང་དུ་བོད་མི་དང་རྒྱ་གར་ཡུལ་མི་ཚོར་རིན་མེད་ཐོག་ལིང་ཏོག་གཤག་བཅོས་(Cataract Surgery)བྱེད་རྒྱུའི་ལས་རིམ་འགོ་བཙུགས་ཡོད།
དེ་ཡང་བདེ་ལེགས་སྨན་ཁང་དང་ཉི་ཧོང་ཨེ་ཤི་ཡའི་མིག་དབང་ཆེད་ལས་མཐུན་ཚོགས་(Association for Ophthalmic Co-operation in Asia,Japan)གཉིས་ཟུང་འབྲེལ་ཐོག ལོ་ལྟར་ཡེ་ཤུའི་འཁྲུངས་སྐར་གྱི་གུང་གསེང་དང་བསྟུན། ཉི་ཧོང་ནས་མིག་ནད་ཆེད་མཁས་སྨན་པ་ཁག་གཅིག་རྡ་སར་ཡོང་སྟེ། བོད་མི་དང་རྒྱ་གར་ཡུལ་མི་བཅས་ལ་རིན་མེད་ཐོག་མིག་ནད་བརྟག་དཔྱད་དང་མིག་གི་ལིང་ཏོག་གཤག་བཅོས་ཀྱི་ཞབས་ཞུ་སྒྲུབ་བཞིན་ཡོད་པ་ལྟར། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠།༠༠ ཐོག་ཧི་མཱ་ཅལ་མངའ་སྡེའི་ཀཱང་ར་རྫོང་གི་སྤྱི་ཁྱབ་སྐོར་སྲུང་བ་སྐུ་ཞབས་ཨབྷི་ཤེཀ་དྷུ་ལར་ལགས་ཀྱིས་མིག་བརྟག་དཔྱད་དང་སྨན་བཅོས་ཀྱི་ལས་རིམ་དབུ་འབྱེད་གནང་།
སྐབས་དེར་བདེ་ལེགས་སྨན་ཁང་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གཙོས་ལས་བྱེད་རྣམ་པ། རྡ་སའི་རོ་ཊེ་རི་( Rotary Club) ཚོགས་པའི་ཚོགས་མི་ཁག་གཅིག ཉི་ཧོང་ནས་ཕེབས་པའི་སྨན་པ་དང་ལས་བྱེད། བོད་མི་དང་རྒྱ་གར་ཡུལ་མི་བཅས་འཛོམས་ཐོག་སྐུ་མགྲོན་གཙོ་བོས་ལས་རིམ་འདི་ནི་མང་ཚོགས་ལ་དངོས་སུ་ཕན་ཐོགས་ཡོད་པ་ཙམ་མ་ཟད། ལྷག་པར་ཧིན་བོད་མི་རིགས་གཉིས་མཐུན་སྒྲིལ་ཡོང་རྒྱུར་མིག་དཔེ་འོས་པའི་བྱ་གཞག་གཅིག་ཡིན་ཞེས་བསྔགས་བརྗོད་དང་འབྲེལ། སྐོར་སྲུང་ལས་ཁུངས་ངོས་ནས་ལས་རིམ་དེར་གོང་རིམ་ནས་མཐུན་འགྱུར་གནང་རྒྱུ་སོགས་ཀྱི་ཐད་ལ་གང་ཐུབ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་གསུངས་ཡོད།
དེ་ཡང་བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན། བདེ་ལེགས་སྨན་ཁང་ལ་མིག་གཤག་བཅོས་གཏོང་རྒྱུའི་ལས་གཞི་འགོ་བཙུགས་ནས་ད་ཐེངས་ ༡༦ པ་དེ་ཆགས་ཡོད། ལས་གཞི་འདི་འགོ་འཛུགས་སྐབས་བོད་པ་ཕེབས་མཁན་མང་ཤོས་ཡིན་པ་མ་ཟད་ཕན་ཐོགས་ཀྱང་ཧ་ཅང་བྱུང་ཡོད་འདུག ང་ཚོ་བོད་པའི་མི་འབོར་ཉུང་ངུ་ལས་མེད་སྟབས། མིག་གཤག་བཅོས་བྱེད་དུ་ཡོང་མཁན་ཉུང་དུ་འགྲོ་གི་འདུག དེར་བརྟེན་རྒྱ་གར་བ་ཚོར་དེང་སྐབས་ལས་གཞི་འདིས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་བཞིན་འདུག གྲོང་གསེབ་ཁག་ཏུ་ཡོད་པའི་རྒྱ་གར་མི་མང་རྣམས་སྙོབ་ཆེད་ས་གནས་ཀྱི་རོ་ཊེ་རི་ཀ་ལབ་(Rotary Club) དང་གཞུང་གི་སྨན་ཁང་གི་མིག་གི་སྡེ་ཚན་ལ་འབྲེལ་བ་ཞུས་ཏེ་མིག་གཤག་བཅོས་གཏོང་དགོས་མཁན་ཚང་མ་འདིར་ཡོང་གི་ཡོད།
དེ་བཞིན་མིག་གཤག་བཅོས་གཏོང་དགོས་མིན་དོགས་པ་ཡོད་མཁན་རྣམས་ཉིན་དང་པོར་འདིར་བརྟག་དཔྱད་བྱེད་དུ་ཡོང་གི་ཡོད། ལོ་ལྟར་ཕྱི་ཟླ་ ༡༢ ཟླ་མཇུག་ལ་ལས་གཞི་འདི་སྤེལ་བཞིན་ཡོད། ལས་གཞི་འདིར་མཐུན་འགྱུར་གནང་མཁན་གཙོ་བོ་ཉི་ཧོང་གི་མིག་གི་ཐོག་དམིགས་བསལ་གྱི་ཁྱད་ལས་པ་ཁག་གཅིག་གིས་ལོ་ལྟར་ལོ་མཇུག་གི་གུང་སེང་དང་སྟབས་བསྟུན་འདིར་ཕེབས་ཀྱི་ཡོད། ང་ཚོས་རྒྱ་གར་མི་མང་ལ་མཐུན་འགྱུར་སོགས་ཞུ་བཞིན་པ་དེ་དག་རྒྱ་གར་མི་མང་ཚོར་མཁྱེན་རྟོགས་སླད་ས་གནས་ཀྱི་དཔོན་རིགས་དང་སྨན་ཁང་ཁག་གི་འགན་འཛིན་སོགས་གདན་ཞུས་གནང་བཞིན་ཡོད། མིག་གཤག་བཅོས་ཀྱི་སྒར་དེ་ས་ཆ་གང་སར་ཚུགས་ཀྱི་ཡོད།
འོན་ཀྱང་བདེ་ལེགས་སྨན་ཁང་ལ་ད་བར་ཚུགས་པའི་སྤུས་ཚད་དེ་ཚང་མས་ནང་ནས་ཡག་པ་ཞིག་ཡོད་པ་རྒྱ་གར་གཞུང་སྨན་ཁང་གི་ཁྱད་ལས་སྨན་པ་ཚོ་དང་ས་གནས་ལས་བྱེད་ཚས་ངོས་ལེན་གནང་བཞིན་ཡོད། དེའི་ཐོག་ས་གནས་གཞུང་གིས་ཆོག་མཆན་དང་རྒྱབ་སྐྱོར་ཡག་པོ་གནང་གི་འདུག ང་ཚོས་ལོ་ལྟར་རྒྱ་གར་བ་དང་བོད་པ་གཉིས་ཀར་ཕན་ཐོགས་ཆེད་ལས་གཞི་འདི་སྤེལ་གྱི་ཡོད། གཙོ་ཆེ་ཤོས་ཉི་ཧོང་གི་སྨན་པ་ཚོས་མཐུན་འགྱུར་གནང་བ་ཞིག་ཆགས་ཡོད། ད་ཐེངས་ཀྱི་མིག་གི་གཤག་བཅོས་དེ་ཀངྒ་ར་སོགས་སྒེར་གྱི་སྨན་ཁང་ཁག་གི་ནང་གཤག་བཅོས་གཏང་ན་མི་རེར་ཧིན་སྒོར་ ༢༥༠༠༠། ཙམ་གནས་ཀྱི་ཡོད། དེ་རིང་འདིར་རིན་མེད་ཡིན་པ་མ་ཟད། མིག་གཤག་བཅོས་མ་གཏང་གོང་བརྟག་དཔྱད་རིམ་པ་ཁ་ཤས་བྱེད་དགོས་པ་དེ་དག་ཀྱང་བདེ་ལེགས་སྨན་ཁང་ནས་རིན་མེད་ཐོག་གནང་བཞིན་ཡོད། ཁྱོན་བསྡོམས་ནད་པ་གཅིག་ལ་སྨན་བཅོས་ཆེད་སྒོར་ ༢༥༠༠༠ ནས་ ༣༠༠༠༠ བར་འགྲོ་སོང་འགྲོ་གི་ཡོད། ལོ་ལྟར་ཁྱོན་མི་གྲངས་ ༤༥ ནས་ ༧༥ བར་གཤག་བཅོས་བྱེད་བཞིན་ཡོད། ཅེས་གསུངས་སོང་།
དེ་རིང་མིག་སྒར་གྱི་ལས་རིམ་འདི་དང་འབྲེལ་རྡ་རམ་ས་ལ་ཨེསི་བྷི་ཨའི་ (SBI) དངུལ་ཁང་ནས་བདེ་ལེགས་སྨན་ཁང་དུ་སོའི་སྨན་བཅོས་ཆེད་འཕྲུལ་ཆས་གཅིག་ཞལ་འདེབས་གནང་ཡོད་པ་བཅས།།