༢༠༡༥ ཟླ་ ༡༢ ཚེས་་༢༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མི་རྣམས་ཕྱི་རྒྱལ་དུ་བསྐྱོད་རྒྱུ་དང་། བྱེས་འཁོད་བོད་མི་རྣམས་བོད་ནང་དུ་འགྲོ་འོང་ཐོག་དམ་བསྒྲགས་ཀྱི་སྲིད་བྱུས་བསྟུད་མར་ལག་བསྟར་བྱས་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༣ ནས་བོད་རང་སྐྱོང་ལྗོངས། ཟེར་བའི་ཕྱི་ལ་ཡོད་པའི་བོད་རིགས་ས་ཁུལ་གཞན་དུ་གནས་འཁོད་བོད་མི་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་མཁན་གྲངས་ཚད་རིམ་བཞིན་མང་དུ་ཕྱིན་ཡོད་ཀྱང་། བོད་མི་དེ་དག་ཁོངས་ནས་བལ་ཡུལ་བརྒྱུད་ཁྲིན་ཏུར་ཕྱིར་ལོག་བྱེད་མཁན་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་བཙན་དབང་འོག་གོང་དཀར་གནམ་ཐང་དུ་བབ་བཅུག་ནས་བོད་མི་འགྲུལ་པ་དེ་དག་གི་ཅ་དངོས་རྣམས་གོང་དཀར་གནམ་ཐང་དུ་སླར་ཡང་སྔོག་བཤེར་བྱེད་བཞིན་ཡོད།
སྤྱིར་དེང་སྐབས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཀྱང་རང་སྐྱོང་ལྗོངས་ཀྱི་ཕྱི་ལ་ཡོད་པའི་བོད་ཀྱི་ས་ཁུལ་གཞན་ཁག་ཏུ་ཏོག་ཙམ་གུ་ཡངས་བ་ཡོད། རྒྱ་ནག་གཞུང་གིས་ཁ་བྲལ་གྱི་ལས་འགུལ་ཟེར་བའི་ཐོག་རྡུང་རྡེག་ཚ་ནན་བྱ་རྒྱུའི་སྲིད་བྱུས་ལག་བསྟར་བྱས་འབྲས་སུ་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་སུ་བརྟན་ལྷིང་ཡར་རྒྱས་ཕྱིན་པར་ངོས་འཛིན་གྱིས། སྔ་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་ལག་བསྟར་བྱེད་བཞིན་པའི་བརྟན་ལྷིང་གི་སྲིད་བྱུས་དེར་གདེང་ཚོད་རྙེད་ནས་བོད་ནང་ཕྱི་རྒྱལ་གཞུང་འབྲེལ་སྐུ་ཚབ་འཐུས་མི་དང་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་འོང་བྱ་རྒྱུར་ཕྲན་བུའི་གུ་ཡངས་གཏོང་འགོ་བཙུགསཔ་མ་ཟད།
འཆར་ལོ་ཏེ་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་གཞུང་གིས་དེང་སྐབས་བོད་རང་སྐྱོང་ལྗོངས་སུ་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་བོད་ཀྱི་ས་ཁུལ་གཞན་ཁག་ཏུའང་གཅིག་མཚུངས་སུ་ལག་བསྟར་བྱེད་འཆར་ཡོད་པའི་ཁུངས་ལྡན་གནས་ཚུལ་འདི་གར་འབྱོར་ཡོད། དེ་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་དྲུག་པ་ཟེར་བ་འཚོགས་སྐབས། བོད་རང་སྐྱོང་ལྗོངས་ཙམ་མིན་པར་བོད་ཀྱི་ས་ཁུལ་གཞན་རྣམས་ཀྱང་བཞུགས་མོལ་ཚོགས་འདུའི་ཁྱབ་ཁོངས་སུ་བཅུག་པ་དེས་རྒྱ་ནག་དམར་ཤོག་ཚོགས་པས་བོད་ས་ཁྱོན་ཡོངས་སུ་དམ་བསྒྲགས་ཀྱི་སྲིད་བྱུས་གཅིག་མཚུངས་སུ་ལག་བསྟར་བྱ་རྒྱུ་ཡིན་པའི་རྣམ་པ་གསལ་སྟོན་བྱས་པ་ར་སྤྲོད་ཐུབ་རྒྱུ་ཡིན།
གཞན་ཡང་ཁུངས་ལྡན་གནས་ཚུལ་དེའི་ནང་། བོད་རང་སྐྱོང་ལྗོངས་སུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ལ་རྒྱ་ནག་གཞུང་གིས་ཕྱིར་བསྐྱོད་ལག་འཁྱེར་སྤྲོད་རྒྱུ་ཧ་ཅང་ཁག་པོ་ཡོད་པ་མ་ཟད། ལག་འཁྱེར་ཐོབ་ནས་བལ་ཡུལ་དུ་བསྐྱོད་མཁན་བོད་མི་ཧ་ཅང་ཉུང་ཤས་ཡོད་པ་ཚོར་ཡང་རྒྱ་ནག་གཞུང་གིས་རྒྱ་གར་དུ་བསྐྱོད་མི་ཆོག་པ་དང་གལ་ཏེ་ཕྱིན་པ་ཡིན་ན་ཉེས་པ་ཚབས་ཆེ་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་པ་མ་ཟད། བོད་དུ་ཕྱིར་འཁོར་མཚམས་འཕྲལ་མར་ལག་འཁྱེར་ལས་ཁུངས་སུ་བཅར་ནས་ལག་འཁྱེར་དེ་དག་ཕྱིར་སློག་བྱེད་དགོས་པའི་བཀོད་ཁྱབ་གཏོང་བཞིན་ཡོད་འདུག ཕྱི་ལོ་ ༢༠༠༨ སྔོན་དུ་ལོ་རེར་ཆ་སྙོམ་བོད་མི་གྲངས་ ༢༥༠༠ བྲོས་བྱོལ་དུ་ཕེབས་ཐུབ་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ནས་བཟུང་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པར་བརྟེན་ཕྱི་ལོ་ ༢༠༡༥ ལོར་མཚོན་ན་བོད་མི་གྲངས་ ༧༤ ལས་བྲོས་བྱོལ་ལ་ཕེབས་ཐུབ་མེད། དེ་ནི་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་འགྲོ་སྡུག་ལ་དམ་བསྒྲགས་ཧ་ཅང་བྱས་པ་ཙམ་མ་ཟད། བལ་ཡུལ་ས་མཚམས་ཁག་ཏུའང་དམ་བསྒྲགས་ཧ་ཅང་བྱས་པའི་རྣམ་པ་གསལ་པོར་མཚོན་ཐུབ། །