༢༠༡༥ ཟླ་ ༡༢ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་ལེགས་གྲུབ་མཛད་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ དང་སྐར་མ་ ༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་གསར་པའི་འདུ་ཁང་དུ་གནས་གཟིགས་དང་བཅས་སྒྲུབ་གཞག་གི་བཞུགས་ཁྲི་རིན་པོ་ཆེར་འཁོད་གྲུབ་མ་ཐག་སྒྲུབ་གཞག་སྨིན་རྒྱས་མཛད། དེ་ནས་གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་བདེ་འཁོད་གྲུབ་མཚམས་རྒྱུན་ཆགས་གསུམ་པ་དང་། ཤེས་རབ་སྙིང་པོ། རྩ་བ་ཤེས་རབ་ཀྱི་མཆོད་བརྗོད། ཉན་ཐོས་ཞི་འཚོ་མ་བཅས་གསུང་འདོན་མཛད། དེ་རྗེས་༸གོང་ས་མཆོག་གིས་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་ཆོས་ཞུ་བ་རྣམས་ལ་དགེ་བསྙེན་གྱི་སྡོམ་པ་དང་བྱང་ཆུབ་སེམས་པའི་སྡོམ་པ་འབོགས་ཆོག་མཛད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་སྟོན་པས་བཀའ་འགྱུར་པོ་ཏི་བརྒྱ་ལྷག་དང་། དེའི་རྗེས་འཇུག་པཎ་གྲུབ་རྣམས་ཀྱིས་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་གི་ཆོས་འཁོར་བསྐོར་ཟིན་པས་དེ་དག་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་།
དེ་བཞིན་ལམ་རིམ་ཁྲིད་རྒྱུན་ལས་འཕྲོས་ཏེ་༸རྒྱལ་མཆོག་༸སྐུ་ཕྲེང་རིམ་བྱོན་རྣམས་ནི་རྒྱལ་བའི་བསྟན་པ་སྤྱི་དང་ལྷག་པར་རི་བོ་དགེ་ལྡན་པར་བཀའ་དྲིན་ཆེ་བ་མ་ཟད། ལྷག་དོན་༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རླབས་ཆེན་གྱི་ཐུགས་བཞེད་ཟབ་མོ་ཞིག་ཡོད་ཀྱང་བར་སྐབས་ནས་བོད་མིས་འཐུས་ཤོར་གྱི་གནས་ཚུལ་བྱུང་ཡོད་སྐོར་བཀའ་སློབ་ཕེབས་དོན། ༸རྒྱལ་དབང་༸སྐུ་ཕྲེང་རིམ་བྱོན་དེ་དག་ཧ་ཅང་དྲིན་ཆེན་པོ་རེད། ངག་དབང་བློ་བཟང་རྒྱ་མཚོ་དང་སྐལ་བཟང་རྒྱ་མཚོ་ཧ་ཅང་དྲིན་ཆེན་པོ་རེད། དེ་བཞིན་སྐུ་མདུན་༸སྐུ་གོང་མ་ཡང་ཧ་ཅང་དྲིན་ཆེན་པོ་རེད། ཞེ་ས་མ་ཞུས་ན་སྐུ་མདུན་༸སྐུ་གོང་མས་དགོངས་པ་བཞེས་པ་ནང་བཞིན་ལག་ལེན་བསྟར་ཐུབ་པ་བྱུང་ཡོད་ན་ད་ལྟ་ཁྱད་པར་ཆེན་པོ་བྱུང་ཡོད། རྩ་བའི་རྭ་སྒྲེང་རིན་པོ་ཆེ་ངོས་ཀྱི་བླ་མ་ཡིན། བླ་མ་དང་པོ་སྟག་བྲག་རིན་པོ་ཆེའི་སར་ནས་ངོས་ཀྱིས་རབ་བྱུང་དང་དབང་ལུང་མན་ངག་སོགས་མང་པོ་ཞིག་ཞུས་ཡོད། སྟག་བྲག་རིན་པོ་ཆེ་དང་། གླིང་རིན་པོ་ཆེ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ། རྭ་སྒྲེང་རིན་པོ་ཆེ་བཅས་ངོས་ཀྱི་བླ་མ་ཡིན། སྐུ་མདུན་༸སྐུ་གོང་མ་དགོངས་པ་རྫོགས་པའི་སྐབས་དེ་དུས་ཧ་ཅང་ཡག་པོ་ཡོད་ཀྱང་འཐུས་ཤོར་བཏང་འདུག སྟག་བྲག་རིན་པོ་ཆེ་བླ་མ་བསམ་གྱིས་མི་ཁྱབ་པ་རེད། འོན་ཀྱང་ཐུགས་ཁག་མེད་ཐུན་མོང་གི་སྣང་ངོར་གནས་ཚུལ་ཧ་ཅང་ཤེས་ཀྱི་མེད་སྟབས། དེ་ལྟར་བྱས་ཏེ་འཐུས་ཤོར་ཕྱིན་པ་རེད། ངོས་ཀྱིས་དུས་རྒྱུན་འདི་ལྟར་ཤོད་བཞིན་ཡོད། ང་ཚོར་ད་ལྟའི་དུས་རབས་འདི་ཆག་འཇིག་ཉམ་ང་བ་སོགས་བྱུང་བསྡད་པ་དེ་རྒྱ་མི་གུང་ཁྲན་གྱི་བྱས་སོང་ཞེས་བརྗོད་རྒྱུ་ཧ་ལམ་མེད། འཐུས་ཤོར་ང་རང་ཚོས་བཏང་བ་རེད། གོ་སྐབས་ཤིག་བྱུང་བར་བརྟེན་གནས་ཚུལ་འདི་འདྲ་ཞིག་ཆགས་པ་རེད། གཅིག་བྱས་ན་ལུང་ཤར་གྱིས་འགོ་ཁྲིད་འོག་ཚོགས་འདུ་ཚོགས་ཏེ། ཚོགས་འདུ་ཚོགས་མཁན་གྲས་ཚོགས་འདུ་ནང་མའི་ནང་མེད་པ་དང་། བློ་བཟང་རིན་ཆེན་གྱིས་ཚོགས་འདུ་ཕྱི་མའི་ནང་ཡོད་ཅེས་བརྗོད་བྱུང་། བོད་གཞུང་གི་འགོ་ཁྲིད་མཁན་དེ་གཞུང་ཞབས་སྐྱ་སེར་ཉམས་མྱོང་ཡོད་མཁན་ཞིག་གིས་ཁྲིད་དགོས་ཀྱི་འདུག ཕྱག་དབང་གནང་ནས་བཞུགས་མཁན་གྱི་བླ་མ་གཟིགས་རྒྱ་དེ་ཙམ་མེད་མཁན་དེ་དག་གལ་ཆེན་པོ་མི་འདུག ཅེས་པའི་སྐད་ཆ་བྱུང་འདུག ཕྱིས་སུ་སྒེར་གྱི་ན་ཚ་སོགས་ཀྱི་རྐྱེན་པས་ལུང་ཤར་ལ་མང་གཙོའི་བཅོས་བསྒྱུར་སོགས་བྱེད་ཀྱི་འདུག་ཟེར་ནས་ཉེས་པ་ཕོག་པ་རེད། གཞན་ཁོང་ཚོའི་གྲས་ཀྱིས་གང་ཙམ་བསམ་བློ་བཏང་ཡོད། ད་ཚར་ཚར་བ་རེད། ཅེས་དང་།
དེ་བཞིན༸གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། གང་ལྟར་ངས་ཁྲིད་ཆེན་བརྒྱད་རྩ་བར་བཞག་པའི་ཐོག་ཁྲིད་རྒྱུན་མང་པོ་ཞིག་ཐོབ་ཡོད་པ་དེ་ཆུང་སྲིད་རིན་པོ་ཆེས་ཁྲིད་གཅིག་གསུང་རོགས་གནང་། ཞེས་གསུངས་པ་རེད། ཕྱོགས་མཚུངས་ཤར་རྩེ་མཁན་པོས་སྐབས་དེར་རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད་ནས་ལོ་ངོ་ ༦༠༠ འཁོར་བའི་དུས་ཚིགས་ཤིག་འགྲེལ་བཤད་བྱེད་བཞིན་འདུག ངོས་རང་སེམས་ནང་སྤྲོ་བ་ཧ་ཅང་སྐྱེས་བྱུང་། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ་མཛད་ནས་ལོ་ ༦༠༠ འཁོར་བའི་དུས་ཚིགས་ཆགས་ཡོད་སྟབས་སྨོན་ལམ་ཞིག་བརྒྱབ་ཐུབ་ན་བསམས་ནས་འགོ་བཙུགས་པ་རེད། ལོ་དང་པོ་དང་གཉིས་པ། གསུམ་པ། དེ་རྗེས་ད་རེས་མཇུག་སྒྲིལ་ཐུབ་ཨེ་ཡོང་སྙམ་པ་བྱུང་ཡང་། ཁ་སང་ཆམ་པའང་བརྒྱབ་འདུག ཁོང་ཚོ་གཞོན་པ་ཁག་གཅིག་ཆམ་པ་བརྒྱབ་ནས་ལམ་སེང་མ་དྲག་ཀྱང་། བླ་རྒན་ངོས་རང་ཆམ་པ་བརྒྱབ་ནས་ལམ་སེང་དྲག་སོང་། དེར་བརྟེན་ད་ལྟ་བླ་རྒན་ཕྲན་བུ་མཁྲེགས་པོ་འདུག གཙོ་བོ་ཁྱེད་རང་ཚོའི་དད་པ་དང་དམ་ཚིག་དང་འབྲེལ་བ་ཏན་ཏན་ཡོད། གང་ལྟར་ཐོག་མཐའ་བར་གསུམ་དུ་དགེ་བ་རེད། ཧ་ཅང་ཡག་པོ་བྱུང་། ངོས་རང་ཆམ་པ་དང་མཉམ་མིག་དེ་གང་འདྲ་བྱེད་ཡོང་སྙམ་ཏེ་བློ་གཡེང་བྱུང་། ཐེངས་འདིར་ཆོས་འབྲེལ་བྱེད་རྒྱུ་དེ་ལེགས་པར་གྲུབ་པ་རེད།
སང་ཉིན་ཆོས་བར་དང་གནངས་དང་གཞེས་ཉིན་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་ཡིན། ཕྱོགས་མཐའ་ནས་ཡོང་མཁན་ཚོ་ང་ཚོ་ཕྱི་དྲོ་ཐུགས་རྒྱུ་རེད། ཁྱེད་རང་ཚོ་བྲེལ་བ་ཡོད་མཁན་ཡིན་ན་དོ་དགོང་དང་སང་ཉིན་ག་ལེར་འཐོན་ནའང་མ་འགྲིག་པ་མེད། ཡང་ཐིག་ལེ་བཅུ་དྲུག་གི་དབང་ཞུ་རྒྱུ་ཡིན་ན་ཉིན་མ་གཉིས་སྒུག་རྒྱུ་རེད། གང་ལྟར་ཉིན་ཤས་འདིའི་རིང་གཙོ་ཆེ་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་ལས་ཀ་བྱེད་མཁན་དགེ་འདུན་དམངས་གྲྭ་བཅས་པ་ཚང་མས་ཧུར་ཐག་གནང་སྟེ་ཧ་ཅང་ཡག་པོ་བྱུང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དགོན་པའི་ཐོག་ཁྱེད་རང་ཚོས་དགོན་པའི་སྦྱིན་བདག་བྱས་ནས་སྣོད་ཀྱི་བཀོད་པ་སྒྲུབ་རྒྱུ་དང་དགེ་འདུན་པ་ཚོའི་ལྟོ་ཆས་ཐོག་མཐུན་སྦྱོར་བྱེད་མཁན་ཁྱེད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་འདིར་མི་ཚོགས་མང་པོ་ཞིག་འདུས་ཡོད་སྟབས། ཁྱེད་རང་ཚོར་གྲ་སྒྲིག་བྱེད་རྒྱུར་ཧ་ཅང་དཀའ་ལས་བྱུང་ཡོད། ཁྱེད་རང་ཚོར་དཀའ་ལས་བྱུང་བ་དེ་དག་ཆོས་ཀྱི་དོན་དུ་རེད་མ་གཏོགས་ང་ཚོ་ཚོགས་འདུ་དང་ལྟད་མོ་འཁྲབ་རྒྱུའི་ཆེད་མིན། མངོན་དུ་འགྱུར་བའི་ཐོག་ནས་ཚོགས་བསག་སྒྲིབ་སྦྱོང་གི་དགེ་བ་རླབས་ཆེན་བསྒྲུབ་རྒྱུའི་དོན་དུ་ཡིན་སྟབས། རང་རང་གིས་དགེ་བ་བསགས་པ་དེར་བསྔོ་བ་སྨོན་ལམ་ཡག་པོ་བྱེད་དགོས་ཀྱི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ། བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་ཆོས་འབྲེལ་ལེགས་པར་གྲུབ་མཚམས་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བཀའ་དྲིན་གཏང་རག་མཎྜལ་འདེགས་འབུལ་གནང་བ་དང་སྨོན་ལམ་ཁག་གསུང་འདོན་དང་འབྲེལ་རེ་ཞིག་མཇུག་སྒྲིལ་མཛད་ཡོད། སྤྱིར་ཕྱི་ཚེས་ ༢༩ ཉིན་༸གོང་ས་མཆོག་གིས་གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་རྣམ་པ་དང་ཕྱི་རྒྱལ་ཆོས་ཞུ་བ་ཚོར་མཇལ་ཁ་དང་བཀའ་སློབ། ཕྱི་ཚེས་ ༣༠ དང་ ༣༡ བཅས་ཉིན་གྲངས་གཉིས་རིང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དབང་བསྩལ་རྒྱུ་མ་ཟད། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡ ཉིན་གྱི་སྔ་དྲོ་མགོན་པོ་གང་ཉིད་མཆོག་གིས་སེར་སྐྱ་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་རྒྱུ། དེ་བཞིན་ལམ་རིམ་གསུང་ཆོས་གོ་སྒྲིག་ཚོགས་ཚུང་གིས་༸གོང་ས་མཆོག་ལ་སྐུ་ཚེ་མི་འཇིག་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཡོད་འདུག་པ་བཅས།།