ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཧི་མཱ་ཅལ་མངའ་སྡེའི་དགུན་ཁའི་གྲོས་ཚོགས་རྡ་རམ་ས་ལའི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་གྲོས་ཚོགས་ཚོགས་ཁང་ནང་འཚོགས་བཞིན་པ་དང་སྟབས་བསྟུན། དེ་རིང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༸སྐུའི་གྱ་སྟོན་སྲུང་བརྩི་དང་འབྲེལ་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་སླད་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་དབུས་པའི་བློན་ཆེན་རྣམ་པ་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། གྲོས་ཚོགས་འཐུས་མི་རྣམ་པ། གནད་ཡོད་མི་སྣ། གཞུང་ཞབས་ལས་བྱེད། གསར་འགོད་པ་སོགས་ཁྱོན་མི་སྣ་ ༧༠༠ ལྷག་ལ་གསོལ་སྟོན་ཞིག་བཤམས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཆུ་ཚོད་ ༡༢ ཡོལ་ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་པའི་ཕྱག་འབྲེལ་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། ཕྱི་དྲིལ་དྲུང་ཆེ་རྣམ་གཉིས། ཚོགས་དྲུང་། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷདྲ་སིངྒ་མཆོག ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷི་རིཇ་བྷི་ཧཱ་རི་ལལ་བྷུ་ཊེལ་མཆོག བློན་ཆེན་ལྕམ་སྐུ་ཝིདྱཱ་སི་ཊོཀ་མཆོག ཕྱོགས་འགལ་ཚོགས་པའི་སྐུ་ཚབ་བློན་ཆེན་ཟུར་པ་ལྕམ་སྐུ་སར་ཝིན་ཅོ་དི་རི་མཆོག་སོགས་ལྷན་འཛོམས་ཐོག་སྐུ་ཞབས་བྷི་རིཇ་བྷི་ཧ་རི་ལལ་བྷུ་ཊེལ་མཆོག་གིས་གསུང་བཤད་གནང་དོན། ཚང་མར་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ནི་ཞི་བདེར་དགའ་བའི་རྒྱལ་ཁབ་ཅིག་ཡིན། འདི་གར་རྡ་སར་བོད་མི་ཉུང་ཤས་ཤིག་གནས་སྡོད་བྱེད་བཞིན་ཡོད། འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་མ་ཟད། ལེགས་སྦྱངས་ཧ་ལམ་གཅིག་མཚུངས་ལྟ་བུ་ཡིན། ནང་པའི་བསྟན་པ་འདི་ཉིད་ཐོག་མར་རྒྱ་གར་ནས་དར་ཞིང་བོད་པས་བདག་གཅེས་བྱས་ཏེ་ཉམས་ལེན་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་བྱས་པར་བརྟེན་རྒྱལ་ཁབ་གཞན་ལྟར་རྒྱ་གར་གིས་སྲུང་སྐྱོབ་སྤྲད་པ་རེད། ནེ་ཧེ་རུ་མཆོག་བོད་མི་རྣམས་ལ་ཧ་ཅང་བརྩེ་བ་ཡོད་པར་བརྟེན་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་ཡོད། དེང་སྐབས་རྒྱ་གར་ནང་བོད་མི་རྣམས་རང་དབང་ཐོག་གནས་བཞིན་ཡོད།
སྤྱིར་རྒྱ་གར་ནས་ཐོག་མ་དར་བའི་ནང་ཆོས་དེ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཡོད་ནའང་། བོད་ནང་དུ་ནང་ཆོས་དར་སྤེལ་ཤུགས་ཆེ་ཤོས་བྱུང་ཡོད་པ་མ་ཟད་དུས་ད་ལྟའང་བོད་མི་ཚོས་འཛིན་སྐྱོང་སྤེལ་གསུམ་ཐོག་ནས་ཉམས་ལེན་གནང་བཞིན་ཡོད། ངས་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག། ནང་སྲིད་བཀའ་བློན་མཆོག དེ་བཞིན་བོད་མི་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པས་དེ་རིང་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཡོངས་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་སོགས་ལ་ཉིན་གུང་ཞལ་ལག་ཆེད་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་རྡ་སར་རྟེན་གཞི་བྱས་པའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ལས་ཁུངས་སུ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ་གསོལ་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་།
ཧི་མཱ་ཅལ་མངའ་སྡེའི་དགུན་དུས་གྲོས་ཚོགས་རྡ་སར་ནམ་ཚོགས་སྐབས་ང་ཚོས་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་བ་ཞུ་བཞིན་ཡོད་པ་མ་ཟད། མངའ་སྡེའི་གྲོས་ཚོགས་འཐུས་མི་རྣམས་ལ་ཆེ་མཐོང་ཞུ་ཆེད་མཚམས་རེ་ཉིན་གུང་དང་དགོང་དྲོའི་གསོལ་ཚིགས་ཀྱང་གོ་སྒྲིག་ཞུ་གི་ཡོད། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་གཟིགས་སྐྱོང་གནང་བར་ང་ཚོས་དུས་རྟག་ཏུ་བཀའ་དྲིན་བསམ་ཤེས་ཞུ་བཞིན་ཡོད།
ལྷག་པར་ཧི་མཱ་ཅལ་མངའ་སྡེའི་སྲིད་གཞུང་དང་དབུ་ཁྲིད་རིམ་བྱོན་རྣམས། དེ་བཞིན་ཡུལ་མི་ཚོའི་རྒྱབ་སྐྱོར་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་བློ་བདེ་པོའི་ཐོག་ནས་ས་གནས་འདིར་བཞུགས་བཞག་མཛད་ཐུབ་པ་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་སྤེལ་ཐུབ་བཞིན་ཡོད། འདི་ལོར་ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་ཞུ་བཞིན་ཡོད། དེར་བརྟེན་ང་ཚོས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བྷི་རི་ཇི་བྷི་ཧཱ་རི་ལླ་བྷུ་ཊེལ་ཇི་མཆོག་གི་བཀའ་འཁྲོལ་འོག་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཆ་ཤས་སུ་དེ་རིང་འདིར་གྲོས་ཚོགས་འཐུས་མི་རྣམས་ལ་ཉིན་གུང་གསོལ་སྟོན་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། ང་ཚོས་ཧི་མཱ་ཅལ་གཞུང་མང་གཉིས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཐེངས་འདིར་གསོལ་སྟོན་འབུལ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁྱེད་རྣམ་པས་མུ་མཐུད་ང་ཚ་ཚོར་རྒྱབ་སྐྱོར་དང་འབྲེལ་བ་གནང་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཞེས་གསུངས།།