༢༠༡༥ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་བཞིན་པའི་སྐབས་དང་བསྟུན། ཆོས་འབྲེལ་ཉིན་གསུམ་པ་དབུ་འཛུགས་མ་མཛད་པའི་སྔོན་དུ་ཐོག་མར་རྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་། མ་ཁའོ་ནས་གསུང་ཆོས་སུ་ཆེད་བཅར་ཞུས་པའི་རྒྱ་རིགས་ཆོས་ཞུ་བ་གྲངས་ ༡༥༠ བརྒལ་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་དོན།
ཆོས་ལུགས་ཕལ་མོ་ཆེའི་ནང་བྱམས་བརྩེའ་ཉམས་ལེན་སྐོར་གསུངས་ཡོད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་དཀོན་མཆོག་ལ་སྨོན་ལམ་རྒྱག་རྒྱུ་ཙམ་རེད། སངས་རྒྱས་པའི་རྗེས་འབྲང་ཚོས་རང་གི་ཙོལ་བ་ལ་བརྟེན་ནས་རྟོགས་པ་སྐྱེ་དགོས་པ་བཞེས། ངོས་ཀྱིས་རྒྱ་ནག་ནང་དུ་རྒྱ་རིགས་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་གོ་ཐོས་བྱུང་། དེར་བརྟེན་གལ་ཏེ་ཁྱེད་ཚོར་རང་ཉིད་ནང་པ་སངས་རྒྱས་པའི་ཆོས་པ་ཞིག་ཡིན་བསམ་པའི་འདུ་ཤེས་ཡོད་ན། ནང་ཆོས་ལ་སློབ་གཉེར་བྱེད་དགོས་པ་ལས། ཁ་ནས་རྒྱལ་བ་འོད་དཔག་མེད་ Amitabha མཁྱེན་ནོ། ཞེས་ཡང་ཡང་བཏོན་པ་ཙམ་གྱིས་དེ་ཙམ་ཕན་རྒྱུ་མེད། བཤེས་གཉེན་ཚད་དང་ལྡན་པ་ཞིག་ཡིན་ན་འབུལ་བར་དང་འདོད་བྱེད་རྒྱུ་མ་རེད། དེ་ཤེས་པ་བྱོས། སྲིད་འཛིན་ཞི་ཅིན་ཕིང་གིས་དེ་སྔ་རྒྱལ་ས་པེ་རི་སི་དང་ལྡི་ལིའི་ནང་ཡོད་སྐབས། ནང་ཆོས་ཀྱིས་རྒྱ་ནག་ནང་གི་རིག་གཞུང་སླར་གསོ་ཡོང་རྒྱུར་ཞབས་འདེགས་ཆེན་པོ་བསྒྲུབ་ཐུབ་རྒྱུ་ཡིན་པ་གསུངས་ཡོད། ང་ཚོར་སྡུག་བསྔལ་ཕལ་མོ་ཆེ་འདོད་ཆགས་དང་ཞེ་སྡང་། གཏི་མུག་བཅས་ཉོན་མོངས་དུག་གསུམ་ལས་ཡོང་། དེ་ལས་གཙོ་བོ་གཏི་མུག་བདེན་འཛིན་ཡིན་པ་རྒྱལ་བས་གསུངས་ཡོད། ང་ཚོས་སྡུག་བསྔལ་ལས་ཇི་ལྟར་གྲོལ་ཐུབ་ཅེས་ན། སྨོན་ལམ་བརྒྱབ་པ་དང་སངས་རྒྱས་ཀྱི་བྱིན་རླབས་ལ་བརྟེན་ནས་གྲོལ་ཐབས་མེད།
དེས་ན་ལམ་བསླབ་པ་གསུམ་ལ་བསླབས་ནས་སྡུག་བསྔལ་ལས་ཐར་བ་བྱེད་དགོས། དེ་ལས་ཤེས་རབ་ཀྱི་བསླབ་པ་གཙོ་བོ་ཡིན། བདག་མེད་རྟོགས་པའི་ཤེས་རབ་དེ་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ནས་རང་རྒྱུད་ལ་སྐྱེ་དགོས། སྟོང་པ་ཉིད་བརྗོད་སྐབས་གང་ཡང་མེད་པའི་གོ་དོན་མིན། ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་དུ་གྲུབ་པ་ཞིག་ཡིན་པ་རྟོགས་ནས། གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ། ཞེས་གསུང་བཞིན་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ནས་གསུངས་པ་དེར་ཁྱེད་ཚོས་གཟིགས་ཐུབ། རྩ་བ་ཤེས་རབ་རྒྱ་སྐད་ནང་དུའང་ཡོད། ཟླ་བ་གྲགས་པའི་ཚིགས་གསལ་དེ་ཡང་དེང་སྐབས་ཐེ་ཝན་དུ་རྒྱ་སྐད་ནང་སྒྱུར་བཞིན་ཡོད། ཕྱི་ལོ་ ༡༩༥༤།༡༩༥༥ ནང་ངོས་རང་ཟླ་བ་དྲུག་ཙམ་པེ་ཅིང་དུ་སྡོད་རིང་མའོ་ཙེ་ཏུང་དང་ཐེངས་འགའ་ཤས་མཇལ་བ་རེད། ཁོང་ནས་ངོས་ལ་བོད་ནང་དུ་བོད་མིའི་བདེ་དོན་ཡར་རྒྱས་གཏོང་ཕྱོགས་སྐོར་ལམ་སྟོན་གནང་བྱུང་། སྐབས་དེར་ཁོང་ལ་བོད་ནང་བཅོས་འགྱུར་གཏོང་རྒྱུའི་འཆར་སྣང་དེ་ཡག་པོ་ཞིག་མཐོང་བྱུང་། ངོས་ཀྱི་བསམ་པར་གལ་ཏེ་མའོ་ཙེ་ཏུང་གི་འཆར་སྣང་གང་ཡོད་པ་དེ་དག་ཅིས་ཕྱིན་ལག་བསྟར་ཐུབ་ཡོད་ན་ཕྱིས་སུ་བོད་ནང་དུ་འཕྲད་པའི་དཀའ་ངལ་དེ་འདྲ་རང་ཡོང་རྒྱུ་མ་རེད་བསམ་གྱི་འདུག མའོས་ངོས་ལ། ཁྱེད་རང་གི་བསམ་བློ་གཏོང་སྟངས་དེ་ཚན་རིག་དང་མཐུན་པ་ཞིག་རེད། འོན་ཀྱང་ཆོས་དེ་དུག་རེད། ཅེས་གསུངས་བྱུང་། གལ་ཏེ་ཁོང་ད་དུང་བཞུགས་ནས་དཔལ་ནཱ་ལེནྡྲའི་གཞུང་ལུགས་ལ་སློབ་གཉེར་གནང་ཡོད་ཚེ་བསམ་ཚུལ་དེར་འགྱུར་བ་འགྲོ་རྒྱུ་རེད་བསམ་དྲན་བཞིན་འདུག ཅེས་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་མཐར་གལ་ཏེ་རྒྱ་ནག་ནང་དུ་ནང་ཆོས་དར་འཕེལ་བྱུང་བ་ཡིན་ན་ཐེངས་འདིར་སེ་ར་ཐེག་ཆེན་གླིང་དུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཚོགས་པ་ལྟར་འབྱུང་འགྱུར་རྒྱ་ནག་ཏུ་འཚོགས་རྒྱུ་ཡོང་མདོག་ཁ་པོ་རེད། ཅེས་བཀའ་སློབ་སྩལ་རྗེས་ལམ་རིམ་བཀའ་ཆོས་འཕྲོ་སྐྱོང་མཛད།།