ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །འདི་གའི་ཕྱི་དྲིལ་བོད་ཡིག་ཚན་པའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཧོན་སུར་སྨད་རྒྱུད་གྲྭ་ཚང་ནས་རྒྱང་ཐག་སྤྱི་ལེ་ ༦༥ ཡོད་སའི་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་གླིང་དུ་༸ཞབས་སོར་འཁོད་སྐབས་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སེ་ར་ཐེག་ཆེན་གླིང་དུ་༸ཞབས་སོར་འཁོད་སྐབས་མཁན་བླ་སྤྲུལ་རྣམས་ཀྱིས་གཙོས་ལྷོ་ཕྱོགས་གཞིས་ཆགས་ཁག་གི་གནད་ཡོད་མི་སྣ་དང་། དེ་བཞིན་དད་ལྡན་སྐྱ་སེར་རྒན་བྱིས་ཚང་མའི་ལག་ཏུ་དཀར་གཙང་གི་དར་དཀར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཐོག སྦེལ་ཀོབ་ལྷ་མོ་ཚོགས་པས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་པའི་འཁྲབ་གཞུང་གི་གླུ་དབྱངས་འགྱེར་བཞིན་ཕེབས་བསུ་གཟབ་རྒྱས་ཞུས།
དེ་ནས་སེ་ར་བླ་སྤྱིའི་འདུ་ཁང་ཆེན་མོའི་ནང་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་གནས་གཟིགས་མཛད་པ་དང་། དེ་རྗེས་བཞུགས་ཁྲིར་༸ཞབས་སོར་མངོན་པར་འཁོད་བསྟུན་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་རྩ་དོན་ནི། སྟོན་པ་ཉིད་ཀྱིས་ཞལ་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་བཞིན་རེད། སངས་རྒྱས་ཀྱི་བསྟན་པ་སྤྱི་དེ་ཡང་། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་གསུངས་ཡོད།
ཆོས་ཉིད་བདེན་པ་བསྟན་ཞེས་བཅོམ་ལྡན་འདས་ཀྱིས་ཇི་ལྟ་ཇི་ཉིད་ཀྱི་ཡིན་ལུགས་བསྟན་ནས་འདུལ་བྱའི་སྐྱེ་བུའི་རྒྱུད་ཀྱི་ཉོན་མོངས་སེལ་རྒྱུ་ལས། སྡིག་པ་ཆུས་འཁྲུས་པ་དང་སྡུག་བསྔལ་ཕྱག་གིས་སེལ་བ། བཅོམ་ལྡན་འདས་རང་ཉིད་ཀྱི་རྟོགས་པ་གཞན་ལ་སྤོས་པ་སོགས་ཡོང་རྒྱུ་མེད། ཅེས་གསུངས་ཡོད། ཆོས་ཉིད་བདེན་པ་བསྟན་པས་འགྲོལ་བར་འགྱུར། ཟེར་བའི་བདེན་པའི་གོ་དོན་ནི་འདུལ་བྱའི་ཁམས་དང་མོས་པ། དེ་བཞིན་དབང་པོ་སོགས་ཀྱི་ཁྱད་པར་དང་བསྟུན་ནས་གསུང་སྟངས་མི་འདྲ་བ་ཡོད། བཅོམ་ལྡན་འདས་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཞིག་ཡིན་པར་བརྟེན་མཐར་ཐུག་གི་འདུལ་བྱ་དེ་བློ་དང་འཚམས་པར་གསུང་གནང་གི་ཡོད། ཅེས་དང་།
དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་ཚན་རིག་དང་ནང་ཆོས་གཉིས་དབར་དེང་སྐབས་བགྲོ་གླེང་བྱས་པའི་རྒྱུད་རིམ་དེ་དག་གི་ནང་ཚན་རིག་པ་རྣམས་དེ་སྔོན་དངོས་པོ་གང་དང་གང་ཡིན་རུང་དེའི་ཐོག་ལ་བསམ་བློ་བཏང་། ཚོད་བལྟ་བྱས། ཞིབ་འཇུག་བྱས་པ་སོགས་བདེན་དོན་འཚོལ་གྱི་ཡོད། ཉེ་རབས་ཚན་རིག་པ་ཚོ་ཕྱི་དངོས་པོའི་བདེན་དོན་འཚོལ་བ་ཙམ་མ་ཟད་ནང་སེམས་ཀྱི་འགྱུར་བའི་སྟེང་དོ་སྣང་བྱས་ཀྱི་ཡོད། སྤྱིར་འགྲོ་བ་མིའི་མཐར་ཐུག་གི་བདེ་སྡུག་དེ་དག་ཡིད་བློའི་སྟེང་ཡོང་གི་ཡོད་སྟབས་དོ་སྣང་བྱེད་དགོས་པ་ཞིག་རེད། དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་སེམས་དང་སྲོག་གི་བགྲོ་གླེང་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཅར་བའི་སྙན་གྲགས་ཆེ་བའི་ཚན་རིག་པ་ཚོར་ས་ཐག་རིང་པོ་ནས་དཀའ་ལས་ལ་གདོང་ལེན་བྱས་ནས་དོན་གཉེར་ཆེན་པོས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་རྗེས་གཟིམ་ཆུང་དུ་ཆིབས་སྒྱུར་བསྐྱངས། །