༢༠༡༥ ཟླ་ ༡༡ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་༸གོང་ས་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་གྲོགས་མོ། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ནན་སེ་པི་ལོ་སི་ (Nancy Pelosi) མཆོག་གིས་དབུ་ཁྲིད་འོག་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་གཅིག་རྒྱ་ནག་ཏུ་དཔལ་འབྱོར་དང་། ཁོར་ཡུག ཨར་རྒྱ་ཡུལ་གཉིས་ཀྱི་བདེ་འཇགས། དྲ་རྒྱའི་གསང་གནས་བདག་སྲུང་བྱ་རྒྱུ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། མཁའ་རླུང་འབགས་བཙོག་འགོག་ཐབས་བཅས་ཀྱི་གནད་དོན་ཐད་འབྲེལ་ཡོད་རྒྱ་ནག་དཔོན་རིགས་དང་ལྷན་གོ་བསྡུར་གནང་ཆེད་རྒྱ་ནག་ཏུ་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༥ ཉིན་ཕེབས་ཐོན་གནང་འདུག
དེ་ཡང་ལྕམ་སྐུ་པི་ལོ་སི་མཆོག་གིས་གསུང་དོན། ཐེངས་འདིར་ཨ་རིའི་གཞུང་གི་སྐུ་ཚབ་རྣམ་པས་རྒྱ་ནག་ཏུ་ཕེབས་ནས་དཔལ་འབྱོར་ཡར་རྒྱས་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་འཛམ་གླིང་སྐྱེ་འགྲོ་སྤྱིའི་འཚོ་གནས་ལ་ཉེན་ཚབས་བཟོ་བཞིན་ཡོད་པ་དེར་གདོང་ལེན་ཇི་ལྟར་བྱེད་དགོས་མིན། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་དྲ་རྒྱའི་གསང་གནས་སྲུང་སྐྱོབ། ཕྱོགས་མཚུངས་རྒྱལ་ཁབ་གཉིས་པོའི་བདེ་འཇགས་དང་བརྟན་ལྷིང་གི་གནད་དོན་སྐོར་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་གོ་བསྡུར་བྱ་རྒྱུ་ཡིན། ཞེས་གསུངས། སྐུ་ཚབ་རྣམ་པས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སྐབས་རྒྱ་ནག་གི་ས་གནས་ཀྱི་འབྲེལ་ཡོད་ལས་བྱེད་དང་སློབ་ཕྲུག གཞན་ཡང་མང་ཚོགས་རྣམས་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག དེ་ཡང་སྐུ་ཚབ་ཚོགས་ཆུང་ནང་སྐུ་ཞབས་ཇིམ་མེག་གོ་ཝན་ (Congressman Jim Mcgovern) མཆོག་དང་། ལྕམ་སྐུ་བྷེ་ཊི་མེག་ཀུ་ལམ་མཆོག (Congresswoman Betty McCollum) ཊི་མོ་ཐི་ཝལ་སི་(Timothy Walz) མཆོག་སོགས་ཡིན་འདུག