༢༠༡༥ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་ལྷོ་ཕྱོགས་གོ་ཝར་ Goa རྒྱ་གར་ཉམས་ཞིབ་བསྟི་གནས་ཁང་ India Foundation གིས་གོ་སྒྲིག་གནང་བའི་རིག་གནས་འདྲ་མིན་གྱི་ཁྱད་མཁས་མི་སྣའི་ལྷན་ཚོགས་ཐེངས་གཉིས་པར་ 2nd India Ideas Conclave 2015 མཉམ་ཞུགས་ཀྱིས་གོ་ལའི་ཁོར་ཡུག་སྐོར་གསུང་བཤད་རྒྱས་པར་གནང་ཡོད་འདུག ཐེངས་འདིར་ལྷན་ཚོགས་ཀྱི་བརྗོད་གཞི་ནི། འདས་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ནས་བློ་སྐྱེད་ལེན་ནས་གོམ་པ་མདུན་སྤོས་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་སྐོར་ཡིན་འདུག དེ་ཡང་ཉིན་གསུམ་གྱི་ལྷན་ཚོགས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་རྒྱ་གར་གྱི་མེ་འཁོར་བློན་ཆེན་སྐུ་ཞབས་སུ་རེཤ་པྲ་བྷུ་ Suresh Prabhu མཆོག འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་མ་ནོ་ཧཱར་པ་རི་ཀར་ Manohar Parrikar མཆོག གོ་ཝ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ལཀ་ཤི་མི་ཀཱནྟ་པར་སི་ཀར་ Laxmikant Parsekarམཆོག མངའ་སྡེའི་དཔལ་འབྱོར་བློན་ཆེན་ཇ་ཡནྟ་སིནྷ་Jayant Sinha མཆོག གཞན་ཡང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེམ་ཇེ་ཨཀྦར་མཆོག དེ་བཞིན་ཨི་ཤ་ཆོས་ཚོགས་ཀྱི་ཆོས་དཔོན་སཏྒུ་རུ་ཇགྒི་ཝ་སུ་དེབ་ Sadhguru Jaggi Vasudev མཆོག་བཅས་ཁྱོན་ལས་རིགས་འདྲ་མིན་ནས་ཁྱད་མཁས་མི་སྣ་ ༣༥༠ ཙམ་ཕེབས་ནས་གསུང་བཤད་གནང་ཡོད་འདུག ལྷན་ཚོགས་ཉིན་གཉིས་པའི་ཐོག་སྲིད་སྐྱོང་མཆོག་གིས་ཉམས་ཆག་འགྲོ་སླ་བའི་བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་དང་། བོད་ཀྱི་གནམ་གཤིས་ལ་གོད་ཆག་ཕོག་པ་དེས་གོ་ལའི་གནམ་གཤིས་ལ་ཤུགས་རྐྱེན་ངན་པ་ཇི་འདྲ་ཞིག་ཐེབས་རྒྱུ་ཡིན་པ། དེ་བཞིན་འབྱུང་འགྱུར་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་ལྷན་ཚོགས་ COP21 ཞེས་པ་འཚོགས་སྐབས། འབྲེལ་ཡོད་ཚང་མས་འཛམ་གླིང་སྤྱིའི་བདེ་ཐབས་དང་རྒྱུན་སྲིང་ཐུབ་པའི་ཡར་རྒྱས་འགྲོ་རྒྱུར་བསམ་བློ་བཏང་ནས་གྲོས་ཆོད་ཤུགས་ཆེན་པོ་ཞིག་འཇོག་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུངས་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཁྲིམས་འགལ་གྱི་གཏེར་ཁ་སྔོག་འདོན་བྱས་པ་དང་། ཤིང་ནགས་བག་མེད་གཅོད་བྲེག་བྱས་པ། དེ་བཞིན་བོད་ཀྱི་རྒྱུག་ཆུའི་ཐོག་ཆུ་རགས་ཚད་མེད་བརྒྱབ་པ་སོགས་བོད་མཐོ་སྒང་གི་ཁོར་ཡུག་ཐོག་གནོད་ཚབས་ཆེ་བའི་བྱ་སྤྱོད་མང་དག་གཅིག་སྤེལ་བའི་ཤུགས་རྐྱེན་ངན་པ་དེས་བོད་ཙམ་མིན་པར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་། ལྷག་པར་བོད་ཀྱི་རྒྱུག་ཆུའི་གཤམ་འོག་ཏུ་ཡོད་པའི་རྒྱལ་ཁབ་དེ་དག་གི་མི་གྲངས་དུང་ཕྱུར་མང་པོའི་འཚོ་གནས་ལ་གནོད་སྐྱོན་ཚབས་ཆེ་བཟོ་ངེས་པ་ཡིན་སྐོར་དང་།
གཞི་རྩའི་བོད་མི་མང་ཆེ་བ་ནང་པ་སངས་རྒྱས་པའི་ཆོས་ལ་ཡིད་ཆེས་བྱེད་མཁན་ཡིན་སྟབས་འཚེ་མེད་ཞི་བའི་ལམ་ལ་དགའ་མོས་ཡོད་པ་ཙམ་མ་ཟད། རང་བྱུང་ཁོར་ཡུག་ལ་བརྩི་བཀུར་ཞུ་རྒྱུའི་གོམས་སྲོལ་ཞིག་ཡོད་པ་ནི་བོད་ནང་དུ་མཚོན་ན་རི་དང་མཚོ་མང་པོ་ཞིག་གནས་རི་དང་གནས་མཚོ་རེད། ཅེས་རྩ་ཆེན་པོ་བརྩིས་ནས་སྲུང་སྐྱོབ་བྱ་རྒྱུའི་ལམ་སྲོལ་བཟང་པོ་ཞིག་ཡོད། ཕྱོགས་མཚུངས་ང་ཚོ་བོད་མི་ཚོས་སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན་པའི་འདུ་ཤེས་འཛིན་ནས་སྙིང་རྗེ་ཆེན་པོའི་བསམ་བློ་ཞིག་གཏོང་སྲོལ་ཡོད། ཀུན་སློང་དེའི་ནང་རང་བྱུང་ཁམས་ཀྱིས་གཙོས་སྲོག་ཆགས་གྲོག་སྦུར་ཚུན་ཆད་ཡོད་སྐོར་དང་། སྲིད་སྐྱོང་མཆོག་གིས་དེང་རབས་ཀྱི་མི་ཚོས་ཚན་རིག་དེ་ལག་ཆ་ལྟ་བུར་བཀོལ་ནས་རང་ཉིད་ཕུང་ལ་སྦྱོར་རྒྱུའི་བྱ་བ་རྩོམ་བཞིན་ཡོད་སྐོར་གསུང་དོན། དེང་རབས་མི་ཚོས་རང་བྱུང་ཁམས་ལ་དབང་བསྒྱུར་བྱེད་ཐུབ་རྒྱུ་རེད་བསམས་པའི་ཀུན་སློང་ཞིག་འཁྱེར་ནས་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད། བསམ་བློ་ཞིབ་ཚགས་བཏང་བ་ཡིན་ན། གལ་ཏེ་མིས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་བ་ཡིན་ན་གྱོང་གུན་སུ་ལ་འཕོག་རྒྱུ་རེད་ཅེ་ན་མི་རང་ཉིད་ལ་འཕོག་རྒྱུ་རེད། གང་ཡིན་བརྗོད་ན་ང་ཚོ་མི་རྣམས་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན། དེར་བརྟེན་མི་རྣམས་འཚོ་དང་མ་འཚོ་དེ་རང་བྱུང་ཁམས་ལ་རག་ལུས་ཡོད་སྟབས་རང་བྱུང་ཁམས་སྲུང་སྐྱོབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། གོ་ལའི་ཚ་དྲོད་རྒྱས་པ་དང་མཚོ་རླབས་སོགས་རང་བྱུང་གི་གོད་ཆག་དེ་དག་ཕལ་ཆེ་བ་མིས་བྱ་སྤྱོད་དང་འབྲེལ་བ་ཡོད། རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པ་ཚོས་ཉེ་ལམ་ཡོ་རོབ་ཁུལ་དུ་ཚ་དྲོད་རྒྱས་པ་དེ་བོད་མཐོ་སྒང་གི་འཁྱགས་རོམ་བཞུར་བར་བརྟེན་ནས་ཡིན་སྐོར་བཤད་ཡོད། ཅེས་དང་། གཞན་ཡང་སྲིད་སྐྱོང་མཆོག་གིས་སྐབས་དེར་བོད་མཐོ་སྒང་དེ་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གལ་གནད་ཆེན་པོ་ཡིན་པ་དེར་ངོས་འཛིན་གནང་དགོས་སྐོར་གསུང་དོན། མཐོ་སྒང་བོད་ནི་འཛམ་གླིང་སྟེང་གི་ས་ཆ་མཐོ་ཤོས་དང་མཐོ་སྒང་ཆེ་ཤོས་ཤིག་ཡིན་པ་ཙམ་མ་ཟད། གོ་ལའི་འཁྱགས་རོམ་མང་ཤོས་གསུམ་པ་ཡོད་ས་ཞིག་དང་། འཐུང་ཆུ་ཆེ་ཤོས་ཡོད་ས་ཞིག་ཡིན་ཞིང་། གླིང་ཆེན་ཨེ་ཤི་ཡའི་རྒྱུག་ཆུ་ཆེ་ཤོས་དྲུག་གི་ཆུ་མགོ་ཡང་ཡིན། རྒྱུག་ཆུ་དེ་དག་འཛམ་གླིང་ནང་མི་འབོར་མང་ཤོས་ཡོད་སའི་ཡུལ་གྲུ་ཁག་ནང་དུ་རྒྱུག་བཞིན་ཡོད་སྟབས། དྭངས་སིལ་གྱི་ཆུ་བོའི་འབྱུང་སའི་གནས་གཞི་དེ་ཆགས་ཡོད་པ་མ་ཟད། ཨེ་ཤི་ཡའི་ཆུ་བོ་མཐའ་དག་གི་ཆུའི་འབྱུང་ཁུངས་ཆེ་ཤོས་དང་། མི་འབོར་མང་ཤོས་གནས་སའི་རྒྱལ་ཁབ་བཅུའི་ནང་འཐུང་ཆུ་ལོངས་སུ་སྤྱོད་ཀྱི་ཡོད། དེར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་གི་གནད་དོན་ནི་འཛམ་གླིང་གོ་ལ་འདིའི་སྟེང་གཙོར་འདོན་བྱས་ཏེ་གླེང་སློང་བྱ་དགོས་པ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག །
སྲིད་སྐྱོང་མཆོག་གིས་ཁྱད་མཁས་མི་སྣའི་ལྷན་ཚོགས་ཐེངས་གཉིས་པར་མཉམ་ཞུགས་ཀྱིས་གོ་ལའི་ཁོར་ཡུག་སྐོར་གསུང་བཤད་གནང་བ།
གསར་གནས།

འབྲེལ་གནས།
