༢༠༡༥ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཐེ་ཝན་སོའི་སྨན་པའི་ལྷན་ཚོགས་ (Taiwan dental association) ཞེས་པའི་ཚོགས་པ་དང་། ཐེ་ཝན་འཕྲོད་བསྟེན་མཉམ་འབྲེལ་ཚོགས་པ། (Taiwan health CO-OP organisation) ཁ་ཐེ་སྨན་ཁང་ (Cathy general hospital) བཅས་མཉམ་འབྲེལ་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་སྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་མངོན་དགའ་སློབ་གྲྭར་རིན་མེད་ཐོག་སོའི་བརྟག་དཔྱད་དང་སྨན་བཅོས་ཀྱི་ལས་གཞི་ཞིག་གནང་འདུག
དེ་ཡང་ཐེ་ཝན་ནས་ཕེབས་པའི་སོའི་ཆེད་ལས་སྨན་པ་ ༤ དང་། དབང་རྩའི་སྨན་པ་གཅིག སོའི་གསོ་དཔྱད་པ་ ༥ དང་ལས་རོགས་བཅས་ཀྱིས་མངོན་དགའ་སློབ་གྲྭའི་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༧ གྱི་སོར་བརྟག་དཔྱད་བྱས་འདུག སྐབས་དེར་སློབ་ཕྲུག་ ༢༠ སོའི་བུག་སྟོང་རྣམས་བཀང་ཡོད་པ་དང་། སློབ་ཕྲུག་ ༨ སོ་རུལ་བ་རྣམས་བཀོག་པ། དེ་བཞིན་སློབ་ཕྲུག་ ༢༠ དང་ལྟ་རྟོག་པ་བཅས་ཀྱི་སོ་དྲེག་ཡོད་པ་རྣམས་དེང་རབས་འཕྲུལ་ཆས་ཀྱིས་གཙང་བཟོ་བྱས་འདུག་པ་མ་ཟད། སྐབས་དེར་སོ་འཁྲུད་སྟངས་སོགས་སོའི་འཕྲོད་བསྟེན་ལག་བསྟར་བྱེད་ཕྱོགས་སྐོར་ལམ་སྟོན་སློབ་གསོ་ཡང་གནང་ཡོད་འདུག
ཕྱི་ཚེས་ ༢༠ ཉིན་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་དུའང་གོང་མཚུངས་ལྟར་བོད་མི་རྣམས་ཀྱི་སོར་བརྟག་དཔྱད་གནང་ཡོད་པ་དང་། སྐབས་དེར་ཁྱོན་མི་གྲངས་ ༩༩ ཡིས་ཐོ་འགོད་བྱས་ཁོངས་ནས་ ༥༥ ཡི་སོ་གཙང་མ་དང་། སོ་བཀོག་པ། སོ་བཀང་བ་སོགས་རམ་འདེགས་གནང་ཡོད་པ་མ་ཟད། སྐབས་དེར་དབང་རྩའི་བརྟག་དཔྱད་ཆེད་ཁྱོན་མི་གྲངས་ ༧༧ གྱིས་ཐོ་འགོད་བྱས་ཁོངས་ནས་མི་གྲངས་ ༣༨ ལ་དབང་རྩ་དང་འབྲེལ་བའི་བརྟག་དཔྱད་དང་ལམ་སྟོན་གནང་ཡོད་འདུག།