ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་པན་ཇབ་མངའ་སྡེའི་ལབ་ལི་གཙུག་ལག་སློབ་གཉེར་ཁང་དུ་༸ཞབས་སོར་འཁོད་སྐབས་མགོན་པོ་གང་ཉིད་མཆོག་ལ་གསར་འགོད་པ་མུ་རཱ་ལི་ཀྲི་ཤི་ནན་ Murali Krishnan ལགས་ཀྱིས་ཕྱི་ཚེས་ ༡༣ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་བྱུང་བའི་དྲག་སྤྱོད་ལས་འགུལ་དེར་དགོངས་ཚུལ་གང་ཡོད་སྐོར་གྱི་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། སྤྱིར་དུས་རབས་ཉི་ཤུ་པའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་ཙམ་བྱུང་ཡོད་རུང་། གང་ལྟར་དུས་རབས་ཉི་ཤུ་པ་དེ་ཕྱོགས་ཡོངས་ནས་བཤད་ན། མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད།
དུས་རབས་དེའི་ནང་འཛམ་གླིང་གི་མི་གྲངས་ས་ཡ་ ༢༠༠ ཙམ་དམར་གསོད་བཏང་ཡོད་པ་བརྗོད་བཞིན་ཡོད། དེར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་པའི་འགོ་སྟོད་དུ་མི་ཚོའི་བསམ་བློའི་ནང་དུས་རབས་སྔ་མའི་ནང་ཚད་ལས་འདས་པའི་མི་གསོད་ཁྲག་སྦྱོར་བྱས་པའི་དྲག་སྤྱོད་དེས་ཤན་ཤུགས་ངན་པ་དུས་རབས་ ༢༡ ནང་འདིར་དཀའ་ངལ་བཟོ་བཞིན་ཡོད། གལ་སྲིད་དུས་རབས་ཉི་ཤུ་པ་དེའི་ནང་ང་ཚོས་ཞི་བདེ་དང་མཐུན་སྒྲིལ་གལ་ཆེན་པོར་བརྩིས་ནས་དོ་སྣང་ཕྲན་བུ་བྱས་ཡོད་ན། དུས་རབས་ཉི་ཤུ་རྩ་གཅིག་པ་འདི་འགོ་ཚུགས་སྐབས་ཁྱད་པར་ཕྲན་བུ་ཡོང་ངེས་རེད། འགྲོ་བ་མི་སུ་ཞིག་གིས་ཀྱང་སྡུག་བསྔལ་མི་འདོད་ལ་ཚང་མས་ཞི་བདེ་ལྡན་པའི་མི་ཚེ་ཞིག་བྱུང་ན་སེམས་མཁན་གཅིག་མཚུངས་ཡིན། དེང་སྐབས་དཀའ་ངལ་འཕྲད་བཞིན་པའི་འཇིགས་སྐུལ་དྲག་སྤྱོད་པ་དེ་དག་མིག་རྒྱང་ཐུང་དྲགས་པར་བརྟེན་དྲག་སྤྱོད་ཀྱི་ལས་འགུལ་དེ་འདྲ་སྤེལ་བཞིན་ཡོད།
དེ་ཚོའི་ཚོར་ཤུགས་ཆེ་དྲགས་པར་བརྟེན་ནས་ཚོར་ཤུགས་རྐྱེན་བྱས་བྱས་ཏེ་དྲག་སྤྱོད་རིགས་འདི་འདྲ་སྤེལ་གྱི་ཡོད། དཀའ་ངལ་དེ་རིགས་དཀོན་མཆོག་ལ་སྨོན་ལམ་འདེབས་ནས་སེལ་མི་ཐུབ། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པར་བརྟེན་ངོས་ནས་ཀྱང་སྨོན་ལམ་འདེབས་བཞིན་ཡོད། དཀའ་ངལ་དེ་དག་མིས་བཟོས་པ་ཡིན་སྟབས། དཀོན་མཆོག་ལ་དཀའ་ངལ་དེ་སེལ་རོགས་ཞེས་རེ་སྨོན་བཅོལ་བ་དེ་རྒྱུ་མཚན་མེད་པའི་སྐད་ཆ་རེད། ངོས་ཀྱི་དེ་འདྲ་བརྗོད་བཞིན་དུ་གལ་སྲིད་དཀོན་མཆོག་དངོས་སུ་མཇལ་ནས་དཀོན་མཆོག་ལ་དཀའ་ངལ་སེལ་རོགས་ཅེས་ཞུས་པ་ཡིན་ན། དཀའ་ངལ་དེ་ནི་ངས་བཟོས་མེད། དཀའ་ངལ་བཟོ་མཁན་ཁྱེད་རང་ཚོ་ཡིན་པར་བརྟེན་དེ་ཁྱེད་རང་ཚོས་སེལ་དགོས་པ་རེད་ཅེས་གསུང་མདོག་ཁ་པོ་རེད། དེར་བརྟེན་ང་ཚོས་མི་གཅིག་འགྱུར་ཡིན་པ་གཞི་རྩ་དེའི་ཐོག་ནས་ཆོས་ལུགས་དང་མ་འདྲེས་པའི་བཟང་སྤྱོད་དང་། དེ་བཞིན་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུའི་ཐད་ལ་བསམ་བློ་བཏང་ནས་འབད་བརྩོན་བྱས་པ་ཡིན་ན། དུས་རབས་འདིའི་ནང་ཅུང་ཟད་ཁྱད་པར་འགྲོ་སྲིད། འདི་ནི་འགྲོ་བ་མི་ཡོད་དོ་ཅོག་གི་བཟང་ཕྱོགས་ཀྱི་ལས་འགན་ཞིག་ཀྱང་ཆགས་ཡོད།
དེར་བརྟེན་ང་ཚོས་འབད་བརྩོན་བྱེད་དགོས། ངོས་རང་ད་ཆ་ལོ་རྒན་གྱ་གཅིག་ལ་ཉེ་བ་ཞིག་གིས་རང་ཉིད་ཀྱི་ངོས་ནས་གང་ཐུབ་ཅི་ཐུབ་འབད་བརྩོན་བྱེད་བཞིན་ཡོད། དེ་ཡང་ང་ཚོས་དང་པོ་སོ་སོའི་ཁྱིམ་ཚང་ནང་ཞི་བདེ་ལྡན་པའི་ཁོར་ཡུག་ཅིག་བསྐྲུན་པའི་ཐོག་ནས་རིམ་པས་སྤྱི་ཚོགས་དང་། དེ་ནས་ཁོར་ཡུག་དེ་རྒྱ་སྐྱེད་པའི་ཐོག་ནས་སོ་སོའི་ཁྱིམ་མཚེས་དང་སྤྱི་ཚོགས་བཅས་ཀྱི་ནང་ཞི་བདེ་ལྡན་པའི་ཁོར་ཡུག་སྐྲུན་ཐབས་བྱེད་དགོས། འགྱུར་བ་ཞིག་ཡོང་བར་ཐོག་མ་རང་ཉིད་ནས་འགྱུར་བ་གཏོང་དགོས་པ་ཡིན། སོ་སོའི་ངོས་ནས་འགྱུར་བ་གང་ཡང་མ་བཏང་བར་དཀོན་མཆོག་དང་གཞུང་ལ་དཀའ་ངལ་སེལ་རོགས་ཞེས་རེ་བ་བཅོལ་བ་ནི་ནོར་བ་ཡིན། ང་རང་ཚོ་མི་རང་ཉིད་ཀྱིས་ནང་སེམས་ཀྱི་རིན་ཐང་ལ་དོ་སྣང་ཡོད་པའི་ཐོག་ནས་ངེས་པ་བརྙེད། ངེས་པ་བརྙེད་པ་དེ་གཅིག་རྒྱུད་གཉིས་རྒྱུད་བྱས་ཏེ་སྤེལ་དགོས་པ་ཡིན། བུད་མེད་ཚོ་ལུས་ཁམས་ཀྱི་ཆ་ནས་མི་གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་ཆེ་བ་ཡོད་སྐོར་ཚན་རིག་པས་བརྗོད་ཀྱི་ཡོད། དེར་བརྟེན་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། བྱམས་བརྩེ། སྙིང་རྗེའི་བསམ་པ་གོང་མཐོར་གཏོང་རྒྱུར་བུད་མེད་ཚོར་ནུས་པ་ཆེ་བ་ཡོད། ཅེས་བཀའ་སློབ་སྩལ། །