༢༠༡༥ ཟླ་ ༡༡ ཚེས་ ༦ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ལ་ཐེ་ལེན་རྒྱལ་ས་བྷེང་ཀོག་ནང་རྟེན་གཞི་བྱས་པའི་ཨེ་ཤི་ཡའི་འཕྲུལ་རིག་སྦྱོང་བརྡར་བསྟི་གནས་ཁང་ Asian Institute of Technology (AIT) གིས་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༩ ནས་ཟླ་ ༡༡ ཚེས་ ༡ བར་བསྟི་གནས་ཁང་དེར་གཟིགས་སྐོར་དུ་ཕེབས་འདུག
དེ་ཡང་བཀའ་བློན་མཆོག་ཨེ་ཤི་ཡའི་འཕྲུལ་རིག་བསྟི་གནས་ཁང་དུ་ཕེབས་འབྱོར་སྐབས་བསྟི་གནས་ཁང་དེའི་གཙོ་འཛིན་ Worsack-Kanok Nukulchai མཆོག་གིས་གཙོས་གཙུག་ལག་སློབ་དཔོན་དང་ལས་བྱེད་བགྲེས་པ་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས་འདུག
སྐབས་དེར་བཀའ་བློན་མཆོག་གིས་འབྱུུང་འགྱུར་ཡང་བསྟི་གནས་ཁང་འདི་ནས་བཙན་བྱོལ་བོད་མིའི་སློབ་མ་རྣམས་ལ་སློབ་འཇུག་སོགས་ཀྱི་ཐོག་རྒྱབ་སྐྱོར་གནང་བ་བརྒྱུད་བཙན་བྱོལ་བོད་མིའི་ཤེས་ཡོན་གོང་མཐོར་གཏོང་ཆེད་སློབ་གཉེར་དང་། ཟབ་སྦྱོང་། ཉམས་ཞིབ་སོགས་ཀྱི་ཐོག་མཐུན་འགྱུར་ཡོང་བའི་འབོད་སྐུལ་ཞུས་པ་བཞིན། བསྟི་གནས་ཁང་གི་གཙོ་འཛིན་མཆོག་ནས་གང་ཐུབ་རོགས་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་འདུག
དེ་བཞིན་བཀའ་བློན་མཆོག་གིས་རྒྱལ་ཁབ་ཁག་ ༢༢ ནས་ཡིན་པའི་གཙུག་ལག་སློབ་གྲྭ་ཐོན་པའི་སློབ་མ་ཁག་གཅིག་དང་ཐུགས་འཕྲད་གནང་ཡོད་པ་མ་ཟད། བསྟི་གནས་ཁང་དེའི་ཉམས་ཞིབ་ཚན་པའི་འགན་འཛིན་གཞོན་པ་དང་། གཙུག་ལག་སློབ་ཁང་དེའི་ངེས་སྟོན་པ་དང་ལྷན་ཡང་མཇལ་འཕྲད་གནང་འདུག།