ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ ཉིན་རྡ་ས་མེཀ་ལོ་གྷན་ཇིར་རྟེན་གཞི་བྱས་པའི་ནོར་བུ་མགྲོན་ཁང་གི་ཚོགས་ཁང་ནང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་འོག་ཨེ་ཤི་ཡ་ཁུལ་གྱི་ལྷན་ཚོགས་ཐེངས་ ༥ དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དེ་བཞིན་རྒྱ་གར་དང་ཨ་རི། ཨིན་ཇི། ཐའེ་ཝན། བྷང་ལ་དེ་ཤི། ལཱ་ཏིན་ཨ་མི་རི་ཁ། ཁེ་ན་ཡཱ། མ་ལེ་ཤི་ཡ། ཧྥི་ལི་པིན། ཨི་ཊ་ལི་བཅས་རྒྱལ་ཁབ་ཁག་བཅུ་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅུ་བཞིའི་ཚོགས་བཅར་བ་གྲངས་ ༤༦ ཙམ་མཉམ་ཞུགས་ཐོག་བོད་དོན་འབྲེལ་མཐུད་ལས་ཁང་གིས་བོད་ཕྱི་ནང་གཉིས་ནས་བོད་དོན་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ་མི་འདྲ་བ་གང་དང་གང་བེད་སྤྱོད་བྱེད་ཀྱི་ཡོད་མེད་ཐད་ཞིབ་འཇུག་གནང་བའི་བོད་ཨིན་ཐོག་ཡོད་པའི་༼བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཐབས་བྱུས་སྙན་ཐོ།༽ཞེས་པ་དེ་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག་རྣམ་གཉིས་ནས་དབུ་འབྱེད་གནང་གྲུབ་མཚམས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་དོན། བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཧ་ཅང་རྩ་ཆེན་པོ་རེད། ང་ཚོའི་ངོས་ནས་རྒྱུ་དངོས་པོའི་ཐོག་ནས་མཐོང་དང་མིང་གང་ཅིའི་ཐད་ནས་ཁོང་ཚོར་འབུལ་རྒྱུ་གང་ཡང་མེད་ཀྱང་། མ་སྐུལ་དང་བླངས་ཀྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། མི་འབོར་གྱི་ཐོག་ནས་བལྟས་པ་ཡིན་ན། ང་ཚོ་བོད་མི་ས་ཡ་དྲུག་རེད། རྒྱ་ནག་མི་འབོར་ས་ཡ་གཅིག་སྟོང་གསུམ་བརྒྱ་ལྷག་ཡོད། རྒྱ་རིགས་ས་ཡ་གཅིག་སྟོང་གཉིས་བརྒྱ་ཡོད་སྟབས། ང་ཚོ་བོད་པ་མི་འབོར་ཉུང་ཉུང་ཞིག་ལས་མེད་ཀྱང་། འབོད་སྒྲ་དང་དམིགས་ཡུལ་དེ་དག་བོད་དོན་རྒྱབ་སྐྱོར་བ་ཚོས་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཐུབ་པ་གནང་བ་དེ། ཁོང་ཚོས་སྐུ་ལས་བསྐྱོན་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བར་བརྟེན། ངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་དོན་རྒྱབ་སྐྱོར་ཟེར་དུས་ང་ཚོའི་ངོས་ནས་རེ་བ་ག་རེ་ཞུ་ཡི་ཡོད་བརྗོད་ན། ད་ལྟའི་བོད་ནང་གི་བོད་མི་རྣམས་རྒྱ་གཞུང་གི་བཙན་བཟུང་འོག་ཡོད་པ་དང་། བོད་ཀྱི་ཁོར་ཡུག་གཏོར་བཤིག་དང་རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པའི་གནད་དོན་དེ་དག་རྒྱལ་སྤྱིའི་ཐོག་ཁྱབ་ཐུབ་པ་གནང་རྒྱུ་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་འདི་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་བསྟི་གནས་ཤིག་ཡིན་སྟབས། དེ་ལ་རྒྱབ་སྐྱོར་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁ་ཤས་མོས་མཐུན་མེད་ཀྱང་རྒྱབ་སྐྱོར་གནང་དགོས་པ་དང་། ག་རེ་ཡིན་མིན་ཕྱི་ལ་གསལ་བཤད་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་བཞིན་བོད་ཀྱི་ཁོར་ཡུག་དེ་འཛམ་གླིང་ཡོངས་དང་། ལྷག་པར་ཨེ་ཤ་ཡའི་ཡུལ་གྲུ་ཁག་ལ་གལ་ཆེན་པོ་ཡིན་པ་གསལ་བཏོན་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག
གང་ཡིན་ཟེར་ན། ངོས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་མང་པོ་ཞིག་ལ་བཅར་སྐབས་ད་ལྟ་ཡིན་ནའང་བོད་ནང་གི་གནས་སྟངས་སྐོར་མ་མཁྱེན་མཁན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར་མཁྱེན་རྟོགས་མེད་མཁན། དེ་བཞིན་དབུ་མའི་ལམ་གྱི་སྐོར་དང་བོད་ཀྱི་ཁོར་ཡུག་སྐོར་ཁྱོན་ནས་མ་མཁྱེན་མཁན་མང་པོ་འདུག བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ཚོགས་པ་སྒེར་གྱི་ཐོག་ནས་ལངས་ཕྱོགས་ཀྱི་གནད་དོན་གལ་ཆེན་པོ་ག་ཚོད་རྩི་ཡི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ཀྱིས་ལས་འགུལ་ཞིག་སྤེལ་ཚར་རྗེས་དེ་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།