༢༠༡༥ ཟླ་ ༡༡ ཚེས་ ༤ རེརས་གཟའ་ལྷག་པ།
༄༅། །རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་དང་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱིས་མཐུན་འགྱུར་གནང་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢ ནས་ ༣ བར་ཉིན་གྲངས་གཉིས་རིང་རྒྱ་གར་བྱང་ཤར་མངའ་སྡེའི་ཨ་སམ་ཁུལ་གྱི་གྲོང་ཁྱེར་གོ་ཧ་ཊིའི་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ཡང་སྟེང་ཚོམས་ཆེན་ནང་དབུ་འབྱེད་མཛད་སྒོ་རྒྱས་པ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་མཛད་སྒོ་དབུ་འཛུགས་ཀྱིས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཨ་སམ་ཁུལ་གྱི་དེ་ནིཀ་ཨ་སམ་ Dainik Assam ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པ་ཟུར་པ་དང་། རྒྱ་གར་བའི་གསར་འགོད་རྒན་བགྲེས་སྐུ་ཞབས་དི་རེནྡྲ་ནཱཐ་ཅཀྲཱ་ཝརྟི་ Shri. Dhirendranath Chakraborty མཆོག ཆེ་བསྟོད་སྐུ་མགྲོན་དུ་ནཱ་ག་ལེན་ཌི་གཱན་དི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནཊྭར་ཐག་ཀར་ Shri. Natwar Thakkar མཆོག བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་འབུམ་རམས་པ་སྐུ་ཞབས་ཨེན་ཀེ་ཏྲི་ཀ་ Dr. N.K. Trikha ལགས། དེ་སྔོན་རྒྱ་གར་གྲོས་ཚོགས་འོག་མའི་ནང་ཨ་རུ་ནཱ་ཅལ་མངའ་སྡེའི་སྐུ་ཚབ་འཐུས་མི་ཡིན་པ་དང་ད་ལྟའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ R.K Khrimey ལགས། སྐུ་ཞབས་ཨཱ་ནནྡཱ་ཀུ་མཱར་ Dr. Anand Kumar ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས།
དེ་བཞིན་རྒྱ་གར་མངའ་སྡེ་ཁག་འདྲ་མིན་ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་ཚོགས་བཅར་བ་མི་གྲངས་ ༡༨༢ དང་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༣༠༠ ཡས་མས་ཙམ་ལྷན་འཛོམས་གནང་ཡོད།
མཛད་སྒོའི་ཐོག་མར་རྡོ་རྗེ་གླིང་གངས་ལྗོངས་རུ་ཁག་གིས་རྔ་རོལ་དང་བཅས་ཏེ་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ། དེ་རྗེས་སྐུ་ཞབས་ཨཱ་ནནྡཱ་ཀུ་མཱར་ Dr. Anand Kumar ལགས་ཀྱིས་མཛད་རིམ་སྒྲོགས་སྦྱང་གནང་ཐོག སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་གཙོས་སྐུ་མགྲོན་གཞན་རྣམས་ཀྱིས་སྣང་གསལ་ཞལ་ཕྱེ་གྲུབ་བསྟུན། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས། དེ་རྗེས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨར་ཀེ་ཁི་རི་མེ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་ཕྱོགས་མཚུངས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཀེ་ཊི་རི་ཁ་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་ཐོག་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་། ཤི་ལོངས་ས་གནས་འགོ་འཛིན་གྱིས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་གོ་སྒྲིག་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་འབུལ་བ་དང་།
དེ་རྗེས་ཆེ་བསྟོད་སྐུ་མགྲོན་མཆོག་དང་དམིགས་བསལ་སྐུ་མགྲོན་མཆོག་གིས་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་གནད་དོན་དེ་ཉིད་རྒྱ་གར་བར་འབྲེལ་བ་ཆེན་པོ་ཆགས་ཡོད་པ་དང་། བོད་དོན་གྱི་དཀའ་རྙོག་སེལ་ཚེ་རྒྱ་གར་བའི་བདེ་འཇགས་སོགས་གང་ས་ཅི་ཐད་ནས་འབྲེལ་བ་ཤུགས་ཆེ་ཡོད་སྐོར་འགྲེལ་བརྗོད་ཤུགས་ཆེ་གནང་སོང་། དེ་ཡང་གང་ཟག་སྒེར་ཞིག་གི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཐུགས་འདོད་ཡོད་མེད་མི་སྒེར་སོ་སོའི་རང་དབང་ལ་རག་ལུས་ཡོད་པ་དང་།
གང་ལྟར་བོད་དོན་བདེན་མཐའ་གསལ་བའི་ཉིན་དེ་ནས་བཟུང་རྒྱ་གར་གྱི་མཐའ་སྲུང་བདེ་འཇགས་དང་། ཆུ་བོའི་དཀའ་ངལ་སོགས་སེལ་བར་འབྲེལ་བ་ཤུགས་ཆེ་ཆགས་ཡོད་པ། བོད་དོན་བདེན་མཐའ་གསལ་བའི་རྒྱལ་ཁ་དེ་བཞིན་མདོར་ན་རྒྱ་གར་བའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་སྐོར། དེང་སྐབས་རྒྱ་གར་བས་རྒྱ་ནག་སྐོར་ཉམས་ཞིབ་གནང་མཁན་ཞིག་ཡིན་ན་རྒྱ་ནག་གི་གནས་སྟངས་དཔྱིས་ཕྱིན་པ་ཞིག་ཤེས་པར་དང་པོ་བོད་ཀྱི་གནད་དོན་ཤེས་པར་བྱ་རྒྱུ་གལ་ཆེ་ཡིན་པ། སྤྱིར་འཛམ་གླིང་ས་ཕྱོགས་ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་གནང་གི་ཡོད་རུང་རྒྱ་གར་གཞུང་དང་རྒྱ་གར་མི་མང་ནི་བོད་དོན་ཐོག་སྔ་ཕྱི་བར་གསུམ་དུ་བཀའ་དྲིན་ཆེ་ཤོས་ཡིན་པ། འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་དབུ་མའི་ལམ་གྱི་ལངས་ཕྱོགས་འདི་ཐོག་ནས་བོད་དོན་བདེན་མཐའ་གསལ་ངེས་ཡིན་པ་སོགས་ཀྱི་གསུང་བཤད་རྒྱས་པ་གནང་གྲུབ་རྗེས། ས་གནས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་བསོད་ནམས་ལྷུན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་ཆེན་ཉིན་དང་པོའི་དབུ་འབྱེད་མཛད་སྒོ་ལེགས་པར་མཇུག་སྒྲིལ།
གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ ཐོག་ཚོགས་ཆེན་དངོས་གཞི་འགོ་འཛུགས་ཀྱིས་ཚོགས་བཅར་བ་རྣམས་སྡེ་ཚན་དྲུག་ལ་ཆ་བགོས་ཀྱིས་སྡེ་ཚན་སོ་སོའི་བོད་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་བ་དང་། ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་སྡེ་ཚན་སོ་སོའི་བགྲོ་གླེང་གི་གྲུབ་དོན་རྣམས་སྒྲོགས་སྦྱང་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༥ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་ཆེད་ཚོགས་བཅར་བ་རྣམས་ཀྱིས་གོ་ཧ་ཊིའི་ཁྲོམ་གཞུང་དུ་མར་མེ་ཁྲོམ་སྐོར་གནང་ཡོད། ཕྱི་དྲོ་ཆུ་ཚོད་ ༦ ཐོག་རྡོ་རྗེ་གླིང་གངས་ལྗོངས་རུ་ཁག་གི་སྲོལ་རྒྱུན་གཞས་སྣ་ཁག་གཅིག་དང་དེ་བཞིན་ཨ་སམ་མངའ་ཁུལ་གྱི་སྲོལ་རྒྱུན་གཞས་སྣ་ཁག་གཅིག་བཅས་འཁྲབ་སྟོན་གནང་སྟེ་ཉིན་དང་པོའི་ཚོགས་འདུ་རྒྱས་པར་ལེགས་གྲུབ་བྱུང་།
ཐེངས་འདིའི་ཚོགས་ཆེན་ཉིན་གཉིས་རིང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་བོད་དོན་སྐོར་གོ་རྟོགས་སྤེལ་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་ཁུར་གསུམ་དང་། འཕགས་བོད་གཉིས་ཀྱི་འབྲེལ་ལམ། ཞེས་བརྗོད་གཞི་གཙོ་བོ་གཉིས་ཀྱི་ཐོག་པར་རིགས་གྲངས་ ༤༥ ཙམ་འགྲེམས་སྟོན་གནང་ཡོད་པ་དང་། འགྲེམས་སྟོན་སྐབས་ཕྱི་མི་མང་པོ་ཞིག་གིས་དོ་སྣང་དང་དགའ་མོས་ཧ་ཅང་ཆེན་པོ་གནང་འདུག །