༢༠༡༥ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཊིར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པའི་མཇུག་བསྡོམས་མཛད་སྒོ་ཟབ་རྒྱས་ངང་བསྐོང་ཚོགས་གནང་སོང་། དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ཆེ་བསྟོད་སྐུ་མགྲོན་དུ་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨ་ཇེ་དཏྟཱ་ Shri.Ajay Dutta མཆོག དེ་བཞིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེན་ཀེ་ཊི་ཁ་ Dr. N.K. Trikha མཆོག བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཌི་ཀེ་པཱལ་Dr.D.K.Pal ལགས། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས། དེ་བཞིན་ཚོགས་བཅར་བ་དང་། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༠༠ ལྷག་ཙམ་མཉམ་འཛོམས་གནང་ཡོད།
མཛད་སྒོའི་ཐོག་མར་ཆེ་བསྟོད་སྐུ་མགྲོན་རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ཨ་ཇེ་དཏྟཱ་མཆོག་གིས་གསུང་བཤད་གནང་དོན། བོད་ནི་འཛམ་གླིང་གི་མཐོ་སྒང་ཡིན་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་བོད་ཀྱི་མགོན་སྐྱབས་ཡིན་པ་མ་ཟད། འཛམ་གླིང་མི་མང་གི་ཞི་བདེའི་དེད་དཔོན་དང་ཞི་བའི་མཚོན་རྟགས་ཤིག་ཀྱང་ཡིན། དེར་བརྟེན་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞུ་རྒྱུ་ཡིན། བོད་ནི་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་གྱི་ཞི་བདེའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད།
། འཕགས་བོད་གཉིས་ནི་ལོ་ངོ་ཧ་ཅང་མང་པོའི་རིང་བློ་ཐག་ཉེ་ཤོས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གཅིག་ཡིན། རྒྱ་ནག་དམར་ཤོག་གིས་ཞི་བདེ་ལྡན་པའི་བོད་དེ་ཧམ་བཟུང་བྱས་ནས་བོད་མི་སྟོང་ཕྲག་དམར་གསོད་དང་། དགོན་པ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་ཡོད། དེར་བརྟེན་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ན་ཧ་ཅང་ཕྲ་བའི་དུས་སྐབས་སུ་རྒྱ་གར་དུ་༸ཞབས་སོར་འཁོད་དགོས་བྱུང་ཡོད། ང་རང་འཛིན་གྲྭ་བཅུ་པའི་སློབ་ཕྲུག་ཡིན་སྐབས་བོད་མིའི་གནས་སྟངས་མཐོང་མྱོང་། སྐབས་དེར་འཕགས་བོད་མི་རིགས་གཉིས་དབར་མཐུན་འབྲེལ་དམ་ཟབ་ཡོད་པའང་ངས་ཤེས་ཀྱི་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་འཚོ་བཞུགས་རིང་བོད་ལ་༸ཞབས་སོར་འཁོད་ནས་བོད་ལ་སྐྱིད་པའི་ཉིན་མ་ཞིག་འཆར་རྒྱུར་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། ལྷག་པར་ཚོགས་ཆེན་འདི་ལྟ་བུ་གོ་ཧ་ཊིར་ཚོགས་ཐུབ་པར་ང་རང་ཧ་ཅང་དགའ་པོ་བྱུང་། དེར་བརྟེན་ངས་རྣམ་པ་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས།
སྐུ་ཞབས་ཨེན་ཀེ་ཊི་ཀ་མཆོག་གིས་ཚོགས་ཆེན་ཉིན་གཉིས་རིང་བགྲོ་གླེང་གནང་བའི་ཕྱོགས་བསྡོམས་ཀྱི་གསུང་བཤད་གནང་བ་མ་ཟད། ཚོགས་ཡུལ་གོ་ཧ་ཊི་བདམས་དགོས་དོན་ཡང་རྒྱ་ནག་གི་གནོན་ཤུགས་ཆེ་ཤོས་རྒྱ་གར་བྱང་ཤར་མངའ་ཁུལ་ཡིན་སྟབས་། རྒྱ་དཀར་ནག་གི་སྲིད་གཞུང་གཉིས་ཀར་སྔོན་བརྡ་ཤུགས་ཆེ་ཞིག་བཏང་ཡོད་སྐོར་དང་། གཞན་ཡང་གཞོན་སྐྱེས་ཚོས་སེམས་ཁུར་བླངས་ཏེ་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་བོད་དོན་སྐོར་གོ་རྟོགས་ནུས་པ་ལྡན་པ་ཞིག་སྤེལ་ཐུབ་པའི་ཆ་རྐྱེན་ཡོད་པ་བཞིན་གནང་རོགས། ཞེས་འབོད་སྐུལ་གནང་བ་དང་། བོད་དོན་ནི་བོད་གཅིག་པུའི་གནད་དོན་ཞིག་མ་རེད། བོད་དོན་ནི་རྒྱ་གར་བའི་གནད་དོན་ཞིག་ཀྱང་ཆགས་ཡོད་ཅེས་དང་། དེ་བཞིན་ཁོང་རང་ཉིད་ཀྱི་མི་ཚེ་གང་པོར་བོད་དོན་ཐོག་འཐབ་རྩོད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སྐུ་ཞབས་ཨེན་ཀེ་ཊི་ཁ་མཆོག་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་འབུལ་ཏེ་གསུང་བཤད་གནང་བའི་ནང་། འཕགས་བོད་གཉིས་ནི་ལོ་རྒྱུས་ཐོག་ནས་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ཙམ་མ་ཟད། ཆོས་དང་སྐད་ཡིག ལེགས་བྱང་སོགས་ཕན་ཚུན་གཉིས་དབར་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཤུགས་ཆེ་ཆགས་ཡོད་སྐོར་དཔེ་མཚོན་དང་རྒྱབ་ལྗོངས་སོགས་ཀྱི་ཐོག་ནས་ངོ་སྤྲོད་གནང་བ་དང་། དེ་བཞིན་མཐོ་སྒང་བོད་ནི་རྒྱུག་ཆུ་ཆེན་པོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པར་བརྟེན་མཐོ་སྒང་བོད་ཀྱི་ཁོར་ཡུག་ཐོག་དོ་སྣང་དང་སེམས་ཁུར་བླང་དགོས་པ་གནད་འགག་ཅན་ཞིག་ཡིན།
དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་རིང་མིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་དེ་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པའི་ཞུ་སྐུལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་དང་། བོད་ཀྱི་གནད་དོན་སྐོར་རྒྱ་གར་གཞོན་སྐྱེས་མི་རབས་གསར་པའི་ཁྲོད་གོ་རྟོགས་རྒྱ་ཆེ་སྤེལ་དགོས་པ་གལ་ཆེ་ཡིན་སྟབས། རྒྱ་གར་གྱི་གཞི་རིམ་སློབ་གྲྭ་དང་། མཐོ་སློབ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་བཅས་ནང་བོད་དོན་ཐོག་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་གནང་རོགས། ཞེས་འབོད་སྐུལ་ཡང་གནང་སོང་། གཞན་ཡང་བཀའ་བློན་མཆོག་གིས་སྤྱི་ཚོགས་དྲ་རྒྱས་གཙོས་བརྒྱུད་ལམ་ཁག་ནི་དེང་སྐབས་ཧ་ཅང་གནད་འགག་ཆེ་བར་བརྟེན་བོད་དོན་སྐོར་ས་གནས་སོ་སོའི་སྐད་ཡིག་བཀོལ་སྤྱོད་ཀྱིས་བརྒྱུད་ལམ་ཐོག་གོ་རྟོགས་སྤེལ་རོགས་ཞེས་འབོད་སྐུལ་ནན་པོ་གནང་སོང་།
དེ་རྗེས་བོད་རྒྱལ་ཁབ་TibbatDeshཅེས་པའི་དུས་དེབ་རྩོམ་སྒྲིག་སློབ་སྟོན་པ་སློབ་དཔོན་སྐུ་ཞབས་ཤྱཱམ་ནཱཐ་Prof.Shyam Nathལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་། དེ་རྗེས་ཕྱི་དྲིལ་བཀའ་བློན་མཆོག་གིས་ཚོགས་བཅར་བ་ཡོངས་ལ་མཇལ་དར་ཕུལ་ནས་འདྲ་པར་མཉམ་སྒྲོན་གནང་ནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་རྒྱལ་ཁའི་ངང་མཇུག་སྒྲིལ་འདུག་པ་བཅས།།