ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །རིང་མིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་འཚོགས་རྒྱུའི་རྒྱལ་སྤྱིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྐབས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་གནད་དོན་དེ་གལ་ཆེ་ཤོས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་དགོས་པའི་ཞུ་སྐུལ་ལས་འགུལ་སྤེལ་རྒྱུ་དང་འབྲེལ། སྦར་སིལ་ནང་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག ཅེས་པའི་བརྗོད་གཞིའི་ཐོག་གླེང་སློང་གནང་འདུག
དེ་ཡང་དེང་སྐབས་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་མཐོ་སྒང་གི་རང་འབྱུང་ཐོན་སྐྱེད་རྣམས་གཏོར་བཤིག་བཏང་བའི་ཤུགས་རྐྱེན་ངན་པ་ཇི་འཕྲད་སོགས་ཀྱི་སྐོར་ལྷན་ཚོགས་ཐོག་གྲོས་བསྡུར་གནང་ཡོད་པ་དང་། ཐེངས་འདིའི་ལྷན་ཚོགས་ནང་ཨིན་ཡུལ་གྱི་ལྗང་ཁུ་ཚོགས་པའི་ཚོགས་གཙོ་ཡིན་པ་གྲོས་ཚོགས་འཐུས་མི་ལྕམ་སྐུ་མོལ་ལི་སི་ཀོཌ་ཁེ་ཊོ Molly Scott Cato མཆོག་དང་། རོ་མེན་ནི་ཡའི་ཡུལ་གྱི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཁེབ་སོ་གོར་ Scabs Sogor མཆོག་དང་། དེ་བཞིན་བོད་ཀྱི་སྐུ་ཚབ་དོན་གཅོད། ཡོ་རོབ་གྲོས་ཚོགས་ཀྱི་ལས་བྱེད་དང་བོད་རིགས་ཁག་གཅིག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ལྷན་ཚོགས་འདིའི་ནང་མཉམ་ཞུགས་གནང་ཡོད་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་སྦར་སེལ་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གཉིས་ཟུང་འབྲེལ་ཐོག་ཡིན་འདུག ཐེངས་འདིའི་ལྷན་ཚོགས་ནང་གསུང་བཤད་གནང་མཁན་གྱི་མི་སྣ་གཙོ་བོ་གཉིས་ཡོད་པ་ནི་ལོ་ངོ་ ༣༠ ལྷག་ཙམ་གྱི་རིང་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་སྲིད་བྱུས་སློབ་སྟོན་པ་སྐུ་ཞབས་གྷེབ་རལ་ལ་ཕིཊ་ཊི་ Gabriel Lafitte ལགས་དང་ལྷན་དུ་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་གི་སྤྱི་ཚོགས་ལས་དོན་གྱི་སྲིད་བྱུས་དང་འཛུགས་སྐྲུན་སློབ་ཚན་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ཨེན་དི་རུ་ཕིས་ཤར་ Dr. Andrew Fischer ལགས་བཅས་ཀྱིས་བོད་ཀྱི་གངས་རི་དང་། ཆུ་རྒྱུན་དེ་དག་ནི་འཛམ་གླིང་རྒྱུགས་ཆུ་ཆེ་གྲས་ཀྱི་འབྱུང་གནས་གཙོ་བོ་ཞིག་ཡིན་པར་བརྟེན་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་མཚོན་པས་བོད་ཀྱི་ཁོར་ཡུག་ལ་ཉམས་ཆགས་ཤུགས་ཆེ་གཏོང་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
སྐུ་ཞབས་ཁེབ་སོ་གོར་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་ནི་འཛམ་གླིང་འདིའི་སྟེང་གི་མཐོ་སྒང་མཐོ་ཤོས་དང་ཆེ་ཤོས་དེ་ཡིན་ལུགས་དང་། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་འགྲོ་བའི་རྐྱེན་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་པ་དེར་འཛམ་གླིང་ཧྲིལ་པོས་དོ་སྣང་གནང་ནས་དེ་འགོག་ཐབས་ཀྱི་ཁོང་ཉིད་ཀྱིས་སེམས་ཚོར་ཆེན་པོས་འབོད་སྐུལ་ཡང་གནང་འདུག
དེ་བཞིན་སྐུ་ཞབས་མོལ་ལི་སི་ཀོཌ་ཁེ་ཊོ་མཆོག་གིས་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བོད་མཐོ་སྒང་གི་ཁོར་ཡུག་ཐོག་ཞུ་སྐུལ་ལས་འགུལ་སྤེལ་བའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོ་སྡོད་གནས་གོ་ལ་སྔོན་པོ་འདི་ལས་མེད་པ་དང་དེའི་ཡངས་ཐོག་ཏུ་བོད་ཆགས་ཡོད། མཐོ་སྒང་བོད་ལ་སྲུང་སྐྱོབ་བྱ་རྒྱུ་ནི་བོད་གཅིག་པུའི་གནད་དོན་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་དང་འབྲེལ་བ་ཆགས་ཡོད། ཅེས་བརྙན་འཕྲིན་རྒྱུད་བསྩལ་བའི་བཀའ་སློབ་དེ་ཉིད་ལུང་འདྲེན་གནང་འདུག
ལྕམ་སྐུ་ལགས་ཀྱིས་མཐོ་སྒང་བོད་ཀྱི་གཏན་འཁྱགས་ཆགས་རིམ་གཏོར་སྐྱོན་འགྲོ་བཞིན་པ་དེར་སེམས་འཚབ་ཆེན་པོས་ངང་འཛམ་གླིང་མི་མང་གིས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་འགྲོ་བའི་རྒྱུ་རྐྱེན་དེ་དག་ལ་དོ་སྣང་བྱ་དགོས་པའི་གཞེན་སྐུལ་ཡང་གནང་འདུག
སྐུ་ཞབས་གྷེབ་རེལ་ལ་ཕིཊ་ཊི་ Gabriel Lafitte ལགས་ཀྱིས་བོད་ནང་གི་རང་འབྱུང་གཏེར་ཁ་དང་གཏེར་སྣུམ་སོགས་རྒྱ་ནག་གཞུང་གིས་གཏོར་རྒོལ་སྔོག་འདོན་བྱེད་བཞིན་པ་དེར་བོད་མི་ཚོས་ངོ་རྒོལ་བྱས་ཡོད་ཀྱང་རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་བྱས་པ་སོགས་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན། ཞེས་དང་། དེ་བཞིན་ཉེ་ལམ་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་བོད་ཀྱི་འབྲོག་པ་རྣམས་རྩ་ཐང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཚོ་གསར་པ་ཟེར་བ་དེར་གནས་སྤོས་བྱས་བཅུག་ཡོད་སྐོར། སོགས་འགྲེལ་བརྗོད་བྱས་ཡོད།
དེ་བཞིན་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ཆོས་སྐྱབས་པ་ལགས་ཀྱིས་གསུང་བཤད་ནང་། ལྷོ་བྱང་སྣེ་གཉིས་ཀྱི་རྗེས་སུ་བོད་མཐོ་སྒང་ནི་འཁྱགས་རོམ་དང་ཆུའི་འབྱུང་ཁུངས་ཆེ་ཤོས་དེ་ཆགས་ཡོད་པར་བརྟེན་བོད་ནི་འཛམ་གླིང་གི་སྣེ་མོ་གསུམ་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཅེས་དང་། བོད་ནང་འཁྱགས་རོམ་གྲངས་ ༤༦༠༠༠ དང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་ ༨༢ ཙམ་ཡལ་འགྲོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༥༠ ནང་བོད་ཀྱི་འཁྱགས་རོམ་གྱི་གྲངས་ཚད་གསུམ་ཆ་གཉིས་མེད་པ་ཆགས་རྒྱུ་ཡིན་སྐོར་སོགས་ཀྱི་སྐོར་གསུང་བཤད་གནང་འདུག་པ་བཅས། །