༢༠༡༥ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ ཉིན་གྱི་དགོང་མོར་ཕ་རན་སི་རྒྱལ་ས་པེ་རི་སིར་འཇིགས་སྐུལ་དྲག་སྤྱོད་པས་འབར་རྫས་དང་མེ་མདའ་བརྒྱབ་ནས་མི་གྲངས་ ༡༢༩ རྐྱེན་ལམ་དུ་བཏང་བ་མ་ཟད། མི་གྲངས་ ༣༥༢ ལ་རྨས་སྐྱོན་ཕོག་པར་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ཕ་རན་སྭ་ཨོ་ལནྡ་མཆོག་ལ་ཐུགས་གསོ་དང་སྦྲགས། གདུང་སེམས་མཉམ་སྐྱེ་ཞུས་པའི་འཕྲིན་ཡིག་ནང་འཁོད་དོན།
ཐེངས་འདིར་པེ་རི་སིའི་ནང་འཇིགས་སྐུལ་དྲག་སྤྱོད་པ་ཚོས་མི་གསོད་ཁྲག་སྦྱོར་གྱི་ཀླ་ཀློའི་བྱ་སྤྱོད་སྤེལ་བ་དེར་ང་རང་ཧ་ཅང་བློ་ཕམ་དང་ཧོན་ཐོར་དགོས་པ་བྱུང་། རྐྱེན་ངན་འོག་མང་ཚོགས་དཀྱུས་མ་བརྒྱ་ལྷག་གི་ཚེ་སྲོག་ཤོར་བར་བརྟེན། བྱ་སྤྱོད་དེར་ངས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་དང་། ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་གདུང་སེམས་མཉམ་སྐྱེ་དང་སྦྲགས་སེམས་གསོ་ཞུ་རྒྱུ་ཡིན།
འཛམ་གླིང་འདིའི་ནང་འཕྲད་བཞིན་པའི་དཀའ་ངལ་གང་འདྲ་ཞིག་ཡིན་རུང་འཚེ་མེད་ཞི་བ་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་སེལ་དགོས་པ་དང་སེལ་ཐུབ་རྒྱུ་ཡིན་པ་ང་ཚོ་བོད་མི་ཚོས་དུས་རྟག་ཏུ་ཡིད་ཆེས་ཞུ་བཞིན་ཡོད་པ་མ་ཟད། འཚེ་བའི་བྱ་སྤྱོད་ལ་ནམ་ཡང་མོས་མཐུན་བྱེད་ཐབས་མེད། ལྷག་པར་སྤྱི་ནོར་༸གོངས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ ༢༡ འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ཡིན། ཞེས་དུས་རྟག་ཏུ་བཀའ་ཕེབས་བཞིན་ཡོད། གནས་ཚུལ་འདི་རིགས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་མི་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད། ཅེས་འཁོད་ཡོད།།
༼མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།༽