༢༠༡༥ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།
༄༅། །འདི་གར་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣ ཉིན་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེ་གོ་ཧ་ཊིར་ཚོགས་བཞིན་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་ཉིན་གཉིས་པའི་ལས་རིམ་ཐོག་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་གསུང་བཤད་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་གཙོས་ཚོགས་མི་དང་གོ་སྒྲིག་ཚོགས་ཆུང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས། དེ་བཞིན་ཚོགས་བཅར་བ་རྣམས་ཚང་འཛོམས་གནང་ཐོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། གསུང་བཤད་གནང་དོན། དེ་རིང་ངས་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་སྐོར་ཞུ་རྒྱུ་ཡིན། རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཏེ་མི་ལོ་དྲུག་ཅུར་ཉེ་བའི་རིང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་དེ་བཞིན་རྒྱལ་སྤྱིའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་དོན་དང་།
དེ་ལྟར་རྒྱབ་སྐྱོར་ཐོབ་དགོས་དོན། ད་ལྟའི་བོད་ནང་གི་གནས་སྟངས་གང་འདྲ་ཞིག་ཆགས་ཡོད་མེད་སྐོར་བཅས་ཞུས་པ་ཡིན་ན། འདི་ལོ་ཟླ་བ་དགུ་པའི་ནང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་ལ། དེ་བཞིན་བོད་ཐོག་རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོ་ཞེས་པའི་དེབ་ཅིག་ཀྱང་འདོན་སྤེལ་བྱས་ཡོད། རྒྱ་ནག་གི་དུས་རྒྱུན་དུ་བཤད་བཞིན་པ་ནི་ལོ་རྒྱུས་ཐོག་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ། བོད་དེ་བཞིན་རྗེས་ལུས་ཐེབས་པ་དང་ཆེས་མུན་ནག་གི་དུས་སྐབས་དེར་རྒྱ་ནག་གིས་བཅིང་བཀྲོལ་བཏང་ཡོད་སྐོར། བོད་ནི་ཞིང་བྲན་ལམ་ལུགས་ཡིན་སྐོར་སོགས། ཁོ་པ་ཚོས་བོད་དེ་སྤྱི་ཚོགས་རིང་ལུགས་ལ་བསྒྱུར་ཡོད་སྐོར་སོགས་ཀྱི་འཁྱོག་བཤད་མང་པོ་བྱས་ཡོད། བོད་ཀྱི་དངོས་ཡོད་གནས་སྟངས་ནི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་སྡུག་འོག་གནས་བཞིན་ཡོད། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས། འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་གང་ས་ནས་སྲུང་སྐྱོབ་བྱ་རྒྱུའི་རང་དབང་མེད་ཁར་ཆོས་བྱེད་དགེ་བཙུན་ལ་དམ་བསྒྲགས་བྱེད་པའི་ཛ་དྲག་ངང་གནས་ཡོད། རྒྱ་ནག་གཞུང་གིས་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་ཞེས་བརྗོད་ཀྱི་ཡོད་རུང་། གལ་སྲིད་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ཁོངས་ཡིན་ཚེ་ཕྱི་ལོ་ ༡༩༥༡ ལོར་རྒྱ་བོད་གཉིས་དབར་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་དགོས་དོན་དང་།
ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དམག་འཁྲུག་བརྒྱབ་དགོས་དོན་གང་ཡིན། རྒྱ་ནག་གིས་བོད་དེ་རྒྱ་ཁོངས་ཡིན་པ་དངོས་ཡོད་རྩ་བ་ནས་མིན། ང་ཚོར་ལོ་ངོ་བརྒྱ་ཕྲག་རིང་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་རང་གཞུང་ཞིག་ཡོད་པ་དང་། རྒྱལ་ཁབ་ཅིག་ལ་མཁོ་བའི་རྒྱལ་དར་དང་། དངུལ་སྒོར། དམག་མི། སྦྲགས་ཐམ། དེ་བཞིན་ཁྱིམ་མཚེས་རྒྱལ་ཁབ་དང་འབྲེལ་ལམ་བྱ་རྒྱུའི་སྲིད་བྱུས་ལག་བསྟར་གནང་བཞིན་ཡོད་པ་སོགས་རྒྱལ་ཁབ་རང་བཙན་ཡིན་པའི་ཆ་རྐྱེན་ཡོངས་རྫོགས་ལྡན་ཡོད། དེར་བརྟེན་རྒྱལ་སྤྱིའི་ཁྲིམས་ཡིག་ཐོག་ནས་བོད་ནི་རྒྱལ་ཁབ་རང་བཙན་ཡོད་མཁན་གཅིག་ཡིན་པ་དང་། ཕྱིས་སུ་རྒྱ་ནག་གིས་བཙན་འཛུལ་བྱས་པ་ཞིག་ལ་ངོས་འཛིན་གནང་ཡོད། རྣམ་པ་ཚོས་བོད་ནང་གི་གནས་སྟངས་ལ་གཟིགས་པ་ཡིན་ན། བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་དང་འདུ་འཛོམས་སོགས་ཀྱི་རང་དབང་མེད་པར་བརྟེན། བོད་མི་ཚོས་འཐབ་རྩོད་གནང་དང་གནང་མུས་ཡིན། ཕྱི་ལོ་ ༡༩༤༩ ནས་ཕྱི་ལོ་ ༡༩༨༣ བར་ང་ཚོ་ཕྱི་དྲིལ་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པའི་འབྲས་བུར། བོད་ནང་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་དང་འཐབ་རྩོད་ཀྱི་རྒྱུད་རིམ་འོག བོད་མི་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པ་དང་། དེ་བཞིན་མུ་གེས་རྐྱེན་ལམ་དུ་ཕྱིན་པ་སོགས་ཁྱོན་བོད་མི་ས་ཡ་ ༡།༢ བྱུང་འདུག བོད་ནང་རྒྱ་ནག་གཞུང་གིས་དགོན་པ་ཁག་དྲུག་སྟོང་ཙམ་གཏོར་བཤིག་བཏང་ཡོད་པ་དང་། མའོ་ཙེ་ཏུང་གྲོངས་རྗེས་བོད་ནང་གུ་ཡངས་ཕྲན་བུ་བྱུང་ཡོད། སྐབས་དེར་དགོན་པ་ཁག་སླར་གསོ་བྱས་ཡོད་ཀྱང་། ད་ལྟའི་ཆར་ཆོས་དད་རང་དབང་རྩ་བ་ནས་མེད་ཁར་དམ་བསྒྲགས་ཧ་ཅང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཚོགས་བཅར་བ་སྡེ་ཚན་ཁག་སོ་སོས་བགྲོ་གླེང་གནང་བའི་གྲུབ་དོན་ཁག་སྒྲོག་སྦྱངས་གནང་གྲུབ་མཚམས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨན་ཀེ་ཊི་རི་ཁ་ Dr N K Trikha ལགས། སུ་རེནྡྲ་ཀུ་མཱར་Shri.Surendra Kumar ལགས་སྐུ་ཞབས་ཁེ་རེ་མི་Shri.RK Khrimey ལགས་བཅས་ཀྱིས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲོམ་གཞི་དང་། ཚོགས་པའི་སྒྲིག་འཛུགས་རྣམས་སྒྲོག་སྦྱངས་གནང་རྗེས་མང་ཚོགས་ཀྱི་གོ་བསྡུར་ལམ་ནས་ཁྲིམས་སྒྲིག་སོགས་གཏན་འབེབས་གནང་། ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་ཚོགས་བཅར་བ་རྣམས་ཀྱིས་སྐུ་ཞབས་ཨན་ཀེ་ཊི་ཁ་མཆོག་སླར་ཡང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་བདམས་ཏེ་ཚོགས་ཆེན་གྲོལ།།