༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་ཨ་རིའི་ཁུལ་དུ་པར་རིགས་འགྲེམས་སྟོན་གྱི་ལས་རིམ་དེ་བཞིན་ཨ་རིའི་ཁེ་ལི་ཕོར་ནི་ཡ་མངའ་སྡེའི་རེ་ཆི་མོན་ཌི་གྲོང་ཁྱེར་དུ་མཇུག་སྒྲིལ་གནང་འདུག
དེ་ཡང་གོང་ཚེས་ཉིན་རེ་ཆི་མོན་ཌི་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་ཚོགས་པའི་ཚོགས་ཁང་ནང་བོད་དོན་དང་འབྲེལ་བའི་པར་རིགས་འགྲེམས་སྟོན་གནང་སྐབས་བོད་མིས་གཙོས་སློབ་ཕྲུག་དང་། ས་གནས་བོད་དོན་རྒྱབ་སྐྱོར་བ་སོགས་ཁྱོན་མི་གྲངས་ ༡༠༠༠ ཙམ་གྱིས་དོ་དབྱིངས་དང་དགའ་མོས་ཆེན་པོས་འགྲེམས་སྟོན་གཟིགས་ཡོད། ཐེངས་འདིའི་འགྲེམས་སྟོན་གྱི་བརྗོད་གཞི་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། གཞན་ཡང་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་རྒྱུའི་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་དང་། དེ་བཞིན་རྒྱལ་སྤྱིའི་དབུ་ཁྲིད་རྣམས་དང་མཇལ་འཕྲད། ད་བར་རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱིས་གཙོས་ཆེ་བསྟོད་ཀྱི་གཟེངས་རྟགས་ཧ་ཅང་མང་པོ་འབུལ་བཞེས་མཛད་ཡོད་སྐོར་དང། ༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ། བོད་ཀྱི་ལོ་རྒྱུས་བཅས་དང་།
དེ་བཞིན་ཕ་ཡུལ་ཕྱོགས་ལ་རྒྱང་བལྟ། ཞེས་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཕྱིར་བལྟས་ཀྱིས། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་དང། བོད་ཀྱི་ཁོར་ཡུག་གཏོར་བཤིག བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་སུན་གཙེར་བཟོས་པ་སོགས་རྒྱུ་རྐྱེན་དེ་དག་ལ་བརྟེན། དེང་སྐབས་བོད་ནང་དུ་བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཞིན་ཡོད་པ་སོགས་དང་། ད་ལྟའི་བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཡིན་འདུག ཕྱོགས་མཚུངས་དོན་གཉེར་ཅན་རྣམས་ལ་བོད་དོན་ཐོག་གོ་རྟོགས་རྒྱ་ཆེ་ཡོང་སླད་༸གོང་ས་མཆོག་གི་སྐུ་ཚེའི་མཛད་འཕྲིན་སྐོར་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་དངོས་བྱུང་གློག་བརྙན་གྱི་ལམ་ནས་བསྟན་ཡོད།
ཐེངས་འདིའི་སེན་ཕ་རན་སིས་ཀོའི་ཁུལ་གྱི་འགྲེམས་སྟོན་ནི་ཕྱི་དྲིལ་འགྲེམས་སྟོན་ཚན་པ་དང་བྱང་ཁེ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ལས་རིམ་འདི་བཞིན་བྱང་ཁེ་ལི་ཕོར་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཚོགས་པ་འདིར་རྒྱབ་སྐྱོར་གནང་མཁན་དང་།དང་བླང་ཞབས་ཞུ་གནང་མཁན་ཡོངས་ལ་ལོ་ལྟར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་ལས་རིམ་གྱི་ཆ་ཤས་ཤིག་ཡིན་འདུག་པ་བཅས།།