ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༩ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་མེག་ལོཊ་གན་ཇིར་རྟེན་གཞི་བྱས་པའི་ཕྱི་དྲིལ་དེབ་ཁང་དུ་བདུན་ཕྲག་གསུམ་ཙམ་རིང་ཁེ་ན་ཊའི་འཛམ་གླིང་གཞོན་ནུའི་ལས་འཆར་ Canadian World Youth Program ཞེས་པའི་ཁེ་ན་ཊ་མོན་ཊི་རིལ་ Canada Montreal སློབ་ཁང་ནས་དགེ་སློབ་ཁག་གཅིག་གིས་དང་བླངས་ཀྱིས་ཕྱི་ནང་གི་བཀོད་པ་ལེགས་བསྒྲིགས་གྲུབ་པར་དབུ་འབྱེད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གཙོས་ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་དྲུང་འཕར་ཡེ་ཤེས་དབང་མོ་ལགས་དང་། རྡ་ས་ས་གནས་འགོ་འཛིན་དང་དེ་གའི་འབྲེལ་མཐུད་ལས་བྱེད། དེ་བཞིན་ཕྱི་དྲིལ་དེབ་ཁང་གི་འགན་འཛིན་ཆུང་ལགས། ཐེངས་འདིའི་ཕྱི་དྲིལ་དེབ་ཁང་གི་ཕྱི་ནང་བཀོད་པ་ལེགས་བསྒྲིག་ཆེད་འགན་ཁུར་གཙོ་བོ་བཞེས་མཁན་སྐུ་ཞབས་ལུ་སན་ལཱ་པོར་ཊི་ Lucien Laporte ལགས་དང་ཁོང་གི་བཟའ་ཟླ་ཌེ་ནི་ཤི་ཌི་ལི་འུར་ Diane Sheddleur ལགས། དེ་བཞིན་སློབ་ཕྲུག་གྲངས་ ༡༥ བཅས་ཁྱོན་མི་གྲངས་ ༣༠ ཙམ་མཉམ་འཛོམས་གནང་ཡོད།
ལས་རིམ་གྱི་ཐོག་མར་ཕྱི་དྲིལ་བཀའ་བློན་མཆོག་གིས་ཕྱི་དྲིལ་དེབ་ཁང་ཕྱི་ནང་གི་བཀོད་པ་ལེགས་བསྒྲིགས་གྲུབ་པར་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། རྣམ་པ་ཚོས་འགན་ཁུར་བཞེས་པའི་ཐོག་ནས་དེབ་ཁང་འདིའི་ཕྱི་ནང་གི་བཀོད་པ་ལེགས་བསྒྲིགས་ཀྱི་ཕྱག་ལས་སྤུས་དག་གནང་འདུག ང་ཚོ་ཕྱི་དྲིལ་ལས་ཁུངས་ཀྱིས་སྣེ་ཤན་བྱེད་ཐོག་སང་ཉིན་ནམ་བདུན་ཕྲག་རྗེས་མར་རྣམ་པ་ཚོར་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ནང་གཟིགས་སྐོར་གནང་རྒྱུར་ལམ་སྟོན་བྱེད་རྒྱུ་ཡིན། སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ནས་བདམས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་མིའི་ཡོངས་ཀྱི་རྩ་དོན་ལས་འགུལ་སྣེ་ཁྲིད་མཁན་གྱི་སྒྲིག་འཛུགས་ལྟེ་བ་དེ་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ནང་ལྷན་ཁང་ཁག་བདུན་ཡོད་པའི་ཁོངས་ནས་ང་ཚོའི་ལྷན་ཁང་གི་མིང་ལ་ཕྱི་དྲིལ་ལས་ཁུངས་ཞེས་བརྗོད་ཀྱི་ཡོད།
ཕྱི་དྲིལ་ལས་ཁུངས་ཀྱི་ལས་འགན་གཙོ་བོ་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་ཕྱི་འབྲེལ་དང་དྲིལ་བསྒྲགས་ལས་དོན་གྱི་འགན་ཁུར་རྐང་ལེན་ཞུ་གི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་ཕྱི་དྲིལ་ལས་ཁུངས་འདིའི་ཁྱབ་ཁོངས་སུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་བཅུ་གཉིས་ཡོད། དེ་བཞིན་ང་ཚོ་ལས་ཁུངས་འདི་ནས་འདོན་སྤེལ་བྱེད་པའི་བོད་མི་སྒྲིག་འཛུགས་ཀྱི་བོད་ཨིན་རྒྱ་གསུམ་གྱི་དྲ་རྒྱའང་ཡོད་པས་རྣམ་པ་ཚོས་གཟིགས་རོགས་གནང་ཞུ་རྒྱུ་དང་། དྲ་རྒྱ་དེའི་ཟུར་ངོས་སུ་རིང་མིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་ལྷན་ཚོགས་ COP21 ཞེས་པའི་གནད་དོན་གང་ཡིན་པ་དང་དེའི་མཚོན་རྟགས་བཅས་གསལ་པོར་བཀོད་ཡོད་པས་རྣམ་པ་ཚོས་གསལ་པོར་གཟིགས་ཐུབ་ངེས་ཡིན།
དེབ་ཁང་འདི་ནི་ང་ཚོ་ཕྱི་དྲིལ་ལས་ཁུངས་ཀྱིས་མང་ཚོགས་ཁྲོད་བོད་དོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་སྲིད་བྱུས་སོགས་གོ་རྟོགས་རྒྱ་ཆེར་སྤེལ་སླད་འདི་ལས་ནས་དཔར་སྐྲུན་ཞུས་པའི་དེབ་རིགས་དང་། གསར་འཕྲིན་སོགས་འགྲེམས་སྤེལ་ཞུ་ཡུལ་གཙོ་བོ་དེ་ཆགས་ཡོད། དེར་བརྟེན་དེབ་ཁང་འདི་བཞིན་འཛམ་གླིང་ཡུལ་སྐོར་སྤྲོ་འཆམ་འདུ་ཚོགས་མང་སའི་མེག་ལོཊ་གན་ཇིར་ཡོད་པར་བརྟེན་དེབ་ཁང་འདིར་རྣམ་པ་ཚོས་ཕྱི་ནང་གི་བཀོད་པ་ལེགས་བསྒྲིགས་སྤུས་དག་གི་ཕྱག་ལས་གནང་འདུག་པས་ངས་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་སྟེ་ཕྱི་ལུགས་ཀྱི་རྟེན་འབྲེལ་བཞིན་བསིལ་མངར་དང་བཞེས་ཏོག་འདེགས་འབུལ་ཞུས་ཏེ་ལས་རིམ་མཇུག་སྒྲིལ། །