༢༠༡༥ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ཅན་མིང་འཁོད་མི་གྲངས་ ༥༢ གང་དེར།
ཆེད་དོན། དེ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༦ འཁོད་པའི་དབུས་འོས་བསྡུ་ལས་ཁང་ལ་ཕུལ་བའི་ཞུ་གཏུག་སྙན་ཞུ་གནས་ཚུལ་༧ དང་། དོགས་འདྲི་༡༨ ཅན་འདི་གར་དྲ་ལམ་བརྒྱུད་ནས་ཕུལ་འབྱོར་བྱུང་དོན་བཞིན། འདི་ནས་རེ་རེ་བཞིན་ལྟ་ཞིབ་བྱས་པ་ཡིན། གནས་ཚུལ་དང་དོགས་འདྲི་དེ་དག་ནི། ཁྲིམས་ལུགས་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་སྒྲིག་ཁག་གི་གོ་བ་མ་ལོན་པའམ། དབུས་འོས་བསྡུ་ལས་ཁང་ལ་མིང་ཆད་བཟོ་འདོད། ཡང་ན་མང་ཚོགས་ལ་མགོ་འཐོམ་དུ་འཇུག་པ་གང་ཡིན་ཆ་མ་འཚལ་ཡང་། བཅའ་ཁྲིམས་དང་འོས་སྒྲིག་གིས་འགན་དབང་བཀུར་བའི་འོས་བསྡུའི་ལམ་སྟོན་དང་ཐག་གཅོད་དེ་དག་དྲང་བདེན་མེད་ཚུལ་གྱིས་གཞི་མེད་སྙོན་འཛུགས་ཀྱི་གཏམ་འཆལ་མང་དག་ཅིག་སྤེལ་བཞིན་པ་འདི་དག་ནི། སྤྱི་ཚོགས་ཟང་ཟིང་དང་དགྲ་དགའ་གཉེན་སྡུག་གི་གཞི་རུ་གྱུར་བ་ཙམ་ལས། འོས་གཞིའི་སྐྱེ་བོ་སུ་ལ་ནམ་ཡང་ཕན་པའི་གནས་ཚུལ་ཞིག་ཆགས་མེད་པས། སླད་ཕྱིན་བོད་མིའི་ཆེ་མཐོང་ལ་བསམ་གཞིགས་ཀྱིས་དངོས་ཡོད་དང་དྲང་བདེན་མིན་པའི་གནས་ཚུལ་མི་སྤེལ་བའི་རེ་འབོད་དང་སྦྲགས། འདི་ནས་ཁྲིམས་དང་སྒྲིག་གཞི་གང་ལ་འགལ་སྐྱོན་ཆགས་མེད་པ་རྒྱ་ཆེའི་མང་ཚོགས་ལ་གསལ་བཤད་ཆེད་དོན་ཚན་གསུམ་དུ་བགོས་ནས་ལན་འདེབས་ཁྲིམས་སྒྲིག་ལྟར་བྱ་རྒྱུ་ཡིན།
དོན་ཚན་དང་པོ། དེ་གའི་གནས་ཚུལ་༡་༢་༣་༤ནང་གསལ་སྲིད་སྐྱོང་གི་འོས་དངོས་གཞི་འདོན་ཕྱོགས་ཀྱི་ཐག་གཅོད་གསལ་བསྒྲགས་དེ་དང་འབྲེལ་བའི་གཡས་བསྐོར་གཡོན་བསྐོར་གྱི་དྲི་བ་བཅུ་བཞི་བཀོད་འདུག་པས་དེ་དག་ལ།
གཤམ་གསལ་འོས་སྒྲིག་དོན་ཚན་ཞེ་བདུན་ནང་གསེས་ལྔ་བའི་ནང་གསལ་ལྟར་ཆོལ་ཁ་ཆོས་བརྒྱུད་སྤྱི་འཐུས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་འབོར་དེའི་ཉིས་ལྡབ་ཀྱི་འོས་གཞི་གཏན་འབེབས་བྱེད་དགོས་ཀྱང་། འོས་སྒྲིག་དོན་ཚན་ཞེ་དགུའི་ནང་གསེས་དང་པོའི་༼ཀ༽ ནང་གསལ། འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད་ཐོབ་ཁོངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་སུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱེད་དགོས་པ་བཞིན། སྲིད་སྐྱོང་ལ་ཡང་འོས་གཞི་དྲུག་བཏོན་ཏེ། དེའི་ནང་ནས་དགོངས་པ་ཞུ་སྲིད་པ་རྒྱུ་མཚན་དུ་བྱས་པ་ཞིག་དང། དྲུག་གི་ནང་ནས་སུ་རུང་གིས་དགོངས་པ་ཞུས་རྗེས། དངོས་གཞིའི་ནང་དུ། འོས་སྒྲིག་དོན་ཚན་རེ་བདུན་ནང་གསེས་བཞི་པ་ལྟར། གཉིས་ལས་མི་ཉུང་བ་དམིགས་འཛུགས་ཀྱིས་གཏན་འབེབས་ཐག་གཅོད་ཅིག་བྱེད་དགོས་པར་བརྟེན། བཅའ་ཁྲིམས་དོན་ཚན་གོ་བདུན་པའི་ནང་གསེས་གསུམ་པའི་འགན་དབང་འོག འོས་སྒྲིག་དོན་ཚན་ཉེར་དྲུག་ནང་གསེས་གཉིས་པའི་༼ག༽ནང་གསལ་ལྟར་ཡིག་ཆ་གཏན་འབེབས་ཐག་གཅོད་དང་། གསར་ལམ་ཁག་ལ་ལན་འདེབས་གསལ་བཤད་བྱས་པ་ཞིག་ཡིན། དེ་ཡང་འོས་སྔོན་འགྲོ་ལ་དོ་ཕོག་མི་འགྲོ་བ་དང་། དངོས་གཞིའི་གཏན་འབེབས་སྐབས་ཁྲིམས་ཀྱི་དབང་སྒྱུར་འོག་ཕྱི་གསལ་ནང་གསལ་ཆགས་ཐབས་བཅས་ལ་དམིགས་ཏེ། གྲ་སྒྲིག་སྔ་སེང་ནས་ཡོད་མུས་ཐོག་འོས་སྔོན་འགྲོ་བླུག་པའི་ཕྱི་ཉིན་དེ་ག་རང་ལ་གྲངས་བཅད་གསལ་བསྒྲགས་བྱས་པ་ཞིག་ཡིན་པས་སྲིད་སྤྱིའི་སྐྱེ་བོ་སུ་ལ་འོས་ཐོབ་གྲངས་ཀ་ཟུར་ཙམ་ཤེས་རྟོགས་དང་ཚོད་དཔག་བྱུང་མེད།
* འོས་སྒྲིག་དོན་ཚན་ ༤༧ ༼༥༽ མིང་གཞུང་རེའུ་མིག་ནས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་འབོར་དེའི་ཉིས་ལྡབ་ཀྱི་འོས་གཞི་གཏན་འབེབས་བྱེད་དགོས། གལ་ཏེ་སྐྱེ་བོ་གང་ཞིག་ཐོབ་ཁུངས་གཉིས་ཀྱི་འོས་གཞིའི་ཁོངས་ཡོད་ན་དབུས་འོས་བསྡུ་ལས་ཁང་ནས་དོ་བདག་ཐོབ་ཁུངས་གང་དུ་ཞུགས་འདོད་ཡོད་མེད་འདྲི་རྩད་ཀྱིས་གཏན་འབེབས་བྱེད་དགོས།
དོན་ཚན་ ༤༩༼༡༽ དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད། ༼༡ ཀ༽ འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༤༥ གོང་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱེད་དགོས།
དོན་ཚན། ༦༧༼༤༽ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་བརྟག་ཞིབ་རྩད་གཅོད་དང༌། དགོངས་ཞུའི་རིགས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས། གལ་སྲིད་འོས་གཞི་གཅིག་ལས་མེད་པ་དང༌། དེ་ལ་སྔོན་འགྲོའི་འོས་ཤོག་ཁྱོན་འབོར་གྱི་བརྒྱ་ཆ་ ༥༡ ལས་མི་ཉུང་བའི་རྒྱབ་སྐྱོར་ཐོབ་ཡོད་ཚེ་ཁ་གཏད་མེད་པའི་སྲིད་སྐྱོང་ལ་འདེམས་ཐོན་བྱུང་བར་ངོས་འཛིན་གསལ་བསྒྲགས་བྱ་རྒྱུ། མེད་ཚེ་སྔོན་འགྲོའི་འོས་བསྡུའི་ལས་རིམ་བསྐྱར་དུ་བྱེད་དགོས།
བཅའ་ཁྲིམས། ལེའུ་བརྒྱད་པ།
དོན་ཚན་ ༩༧ ༼༣༽
དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་བསྐོ་གཞག་ཟིན་པ་ནས་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར། འོས་བསྡུའི་ལས་དོན་ཡོངས་རྫོགས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་གཉིས་བཅས་གསུམ་ཀའི་སྤྱི་མོས་སམ། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དང༌། འོས་བསྡུ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་འགོ་འདོམས་སྤྱི་ཁྱབ་འགན་འཛིན་གྱིས་བྱ་རྒྱུ།
འོས་སྒྲིག་དོན་ཚན་ ༢༦ ༼༢ ག༽ འོས་བསྡུའི་སྒྲིག་གཞི་འདི་དང༌། གཞན་ཡང་དབུས་འོས་བསྡུ་ལས་ཁང་ནས་གཏན་འབེབས་བྱས་པའི་ཡིག་ཆ་ཁག་ནང་གསལ་འོས་བསྡུའི་སྐབས་སུ་འོས་འཕེན་པ་སྐྱེ་བོ་སོ་སོར་ཐོབ་ཐང༌། ལས་འགན་ཇི་ཡོད། ལྷག་པར་འོས་བསྡུའི་སྒྲིག་གཞི་རྩ་འཛིན་ཡིག་ཆ་ཁག་ལ་བསྐྱར་བཅོས་བྱུང་རིགས་བཅས་སྒྲོག་སྦྱང་གསལ་བསྒྲགས་འཚེམས་མེད་བྱེད་དགོས།
དོན་ཚན་གཉིས་པ། གནས་ཚུལ་ལྔ་བའི་འོག་དོགས་འདྲི་གཉིས་ཞུས་འདུག་པ་ལ།
དང་པོ།བཀའ་མོལ་དེ་དག་ནི་ཡུ་རོབ་ཁུལ་དུ་དབུས་གཙང་ཆོལ་ཁས་གོ་སྒྲིག་བྱས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་མཛད་སྒོའི་ཐོག་གདན་ཞུས་སྐུ་མགྲོན་རྣམ་པའི་སྤྱི་ཡོངས་ཀྱི་དགོངས་འཆར་ཞིག་ཡིན་འདུག་པ་ལས་གང་ཟག་བྱེ་བྲག་པ་ཞིག་དམིགས་སུ་བཀར་ནས་མིང་འདོན་གྱིས་རྒྱབ་གཉེར་གསལ་བསྒྲགས་བྱས་པ་ཞིག་མིན་པ་དང་།གཞི་མེད་སྒྲོ་བཏགས་ཀྱི་སྐྱོན་བརྗོད་དམའ་འབེབས་བྱས་ཏེ། ཆོས་བརྒྱུད་དང་། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ་ཆགས་མེད་པ་བཅས། གཤམ་གསལ་འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ ༣ དང་། འདི་འབྲེལ་འགྲེལ་བཤད། དོན་ཚན་དེ་གའི་ནང་གསེས་ ༧ པ་བཅས་ལ་ཞིབ་གཟིགས་གནང་ན་ཤེས་ཐུབ།
* འོས་སྒྲིག་དོན་ཚན། ༢༤༼༣༽ ཡང་འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བསླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང༌། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་འབྱུང་གཞིའི་རྐྱེན་སློང་བྱེད་པ།
འདི་འབྲེལ་འགྲེལ་བཤད།༼འོས་གཞིའི་སྐྱེ་བོ་གཞན་ཞིག་གམ། དེའི་ཕྱོགས་གཏོགས། གཞན་ཡང་སྐྱེ་བོ་སུ་རུང་ནས་སྐྱེ་བོ་གཞན་ཞིག་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་པའི་བསམ་སྦྱོར་ངན་པས་ཀུན་ནས་བླངས་ཏེ་གཞི་མེད་སྒྲོ་བཏགས་ཀྱིས་སྐྱོན་བརྗོད་དམའ་འབེབས་བྱེད་པ་དང། ལུང་ཚན། ཆོས་བརྒྱུད། སྤྱི་ཚོགས་བཅས་ཀྱི་དབར་དབྱེན་སྦྱོར་གྱིས་ཕན་ཚུན་འཁོན་འཁྲུག་ས་གནས་གང་ཞིག་ཏུ་དངོས་སུ་བྱུང་སྟེ་དེའི་རྐྱེན་གྱིས་ས་གནས་གཞན་དུའང་གཅིག་མཚུངས་ཕན་ཚུན་འཁོན་འཁྲུག་གཅིག་མཇུག་གཉིས་ལངས་ཀྱིས་སྤྱི་ཚོགས་ཟང་ཟིང་དངོས་སུ་བྱུང་བ་ཞིག་ལ་གོ་བ་ཡིན།༽
དོན་ཚན་༢༤༼༧༽ འོན་ཀྱང་འོས་བསྡུའི་ཁྲིམས་སྲོལ་དང་མཐུན་པའི་ཐོབ་ཐང་ཁག་འགལ་མེད་བེད་སྤྱོད་ཀྱིས་མང་ཚོགས་འདུ་འཛོམས་སར་འོས་གཞི་རང་ཉིད་ནས་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་དང༌། མི་མང་ལ་ལས་དོན་ཁས་ལེན་གྱི་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ། འོས་གཞི་སོ་སོའི་ཆོལ་ཁ་དང༌། ཆོས་བརྒྱུད། ཚོགས་སྐྱིད། སྤྱི་སྒེར་སུ་ཐད་ནས་རྒྱབ་གཉེར་གསལ་བསྒྲགས། སྐྱེ་བོ་གང་དག་སྤྱི་འཐུས་སུ་འོས་པའི་མི་འགྲོ་དམིགས་འཛུགས་ཀྱི་བསམ་འཆར་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་བྱེད་པ་བཅས་གོང་གསལ་དོན་ཚན་ཁག་གི་བརྗོད་དོན་དང་འབྲེལ་བའི་རིགས་ལ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་མིན་རུང༌། འོས་བསྡུའི་དུས་ཚེས་ཀྱི་ཉིན་གྲངས་གཉིས་གོང་ནས་འོས་བསྡུ་མ་ཟིན་བར་རྒྱབ་གཉེར་གསལ་བསྒྲགས་བྱེད་མཚམས་འཇོག་དགོས།
གཉིས་པ། བཀའ་མོལ་དེ་དག་ཆབ་སྲིད་ཀྱི་ལྟ་བ་འཁྱེར་སྟངས་སྐོར་མ་ཡིན་པར། སྤྱི་ཚོགས་ནང་བཀའ་དྲིན་བསམ་ཤེས་མེད་པར་སྐྱོན་བརྗོད་སྐད་ཆ་བཤད་མཁན་ཡོང་གི་ཡོད་པ་ཡོངས་གྲགས་རེད། དེར་བརྟེན་དེ་འདྲ་ཤོད་མཁན་འདུག་ཅེས་པའི་བཀའ་མོལ་དེ་ཚོ་དངོས་ཡོད་གནས་ཚུལ་མ་ཡིན་པའི་སྐྱོན་བརྗོད་ཅིག་ལ་ངོས་འཛིན་ཞུ་ཡི་མེད། བཅའ་ཁྲིམས་ཀྱིས་གོང་དུ་བཀུར་བའི་བླ་ན་མེད་པའི་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་མཁན་དེ་ཚོ་མང་གཙོ་དང་མཐུན་པའི་སྨྲ་བརྗོད་རང་དབང་ཞིག་ཡིན་ན། དེ་ལྟར་སྐྱོན་བརྗོད་བྱེད་མཁན་འདུག་ཅེས་བཤད་མཁན་དེ་ཚོ་དེ་བས་ཀྱང་མང་གཙོ་དང་མཐུན་པའི་སྨྲ་བརྗོད་རང་དབང་ཞིག་ཡིན་པས་ཁྲིམས་སྒྲིག་གང་གིས་སྟངས་འཛིན་བྱེད་མི་ཐུབ།
དོན་ཚན་གསུམ་པ། གནས་ཚུལ་དྲུག་པ་དང་བདུན་པའི་འོག་དོགས་འདྲི་གཉིས་ཞུས་འདུག
དང་པོ།འདི་འབྲེལ་འོས་སྒྲིག་དང་ལམ་སྟོན་དེ་དག་གི་གོ་དོན་འོས་འཕེན་པ་རང་ཉིད་ལས་གཞན་པའི་སྐྱེ་བོ་ཞིག་ལ་འོས་བླུག་པ་ཡིན་པའི་དཔང་རྟགས་ཡོད་པའི་འོས་ཤོག་སྟེང་དུ་འོས་འཕེན་དེའི་མིང་དང་། རྟགས་སོགས་ཡོད་པའི་གནས་ཚུལ་རིགས་ལ་གོ་དགོས་པ་ཡིན་པ་ལས། རང་གིས་རང་ལ་འོས་བླུག་པ་ལ་གོ་བ་མིན་པ་གཤམ་གསལ་འོས་སྒྲིག་དོན་ཚན་ ༣༤ ནང་གསེས་ཀ་ནས་ཆ་བར་གཟིགས་པར་འཚལ།
ལྷག་པར་ངས་ཁོང་ལ་འོས་བླུག་པ་ཡིན། ངས་ང་རང་ལ་འོས་བླུག་པ་ཡིན་ཟེར་བ་ཙམ་ལ་དཔང་རྟགས་གང་ཡང་མེད་པས་རྩིས་མེད་གཏོང་རྒྱུའི་བདེན་དཔང་བྱེད་མི་ཐུབ།
* འོས་སྒྲིག་ལེའུ་གསུམ་པ། དོན་ཚན་སོ་བཞི་པ། འོས་ཤོག་གྲངས་བཤེར།
༢ འོས་ཤོག་བསྔོག་བཤེར་བྱེད་རིམ་བཞིན་གྲངས་བཤེར་འགོ་འཛུགས་ཀྱིས་གཤམ་གསལ་དོན་ཚན་ཁག་གང་རུང་བྱུང་ན་འོས་ཤོག་རྩིས་མེད་གཏོང་རྒྱུ།
ཀ འོས་ཤོག་ངོས་སུ་འོས་འཕེན་པ་སུ་ཡིན་ངོས་འཛིན་ཐུབ་པའི་རྟགས་སམ། མི་མིང་འཁོད་པ།
ཁ རང་མོས་འོས་འདེམས་སུར་བྱེད་མི་མིང་དང་རྟགས་གང་ཡང་མི་གསལ་བ།
ག ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ལས་བརྒལ་བའི་མི་མིང་དང་འོས་རྟགས་བརྒྱབས་པ།
ང འོས་འདེམས་སུ་དང༌། སུར་བྱེད་ངོས་འཛིན་མ་བདེ་བའི་མི་མིང་དང་འོས་རྟགས་གང་བྱུང་བརྒྱབས་པ།
ཅ འོས་ཤོག་ནང་མ་གསལ་བའི་རང་མོས་འོས་གཞི་མིང་གསལ་བཀོད་རིགས།
ཆ འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་གྱི་རིགས་བཅས།
གཉིས་པ།དཔར་རིས་དེ་དག་འོས་གཞི་སྐྱེ་བོ་རང་གི་དྲིལ་བསྒྲགས་ཡིག་ཆ་དང་། མཚོན་རྟགས་ཚུལ་དུ་བེད་སྤྱོད་མི་ཆོག་པ། འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ ༩ འབྲུ་དོན་འོག་འདི་ནས་ཕྱི་ལོ ༢༠༡༥ ཟླ་ ༦ ཚེས ༡༠ ཉིན་ལམ་སྟོན་གསལ་བསྒྲགས་ཡིག་ཆ་ནང་གསེས་ ༥ ནང་གསལ་ཞིང་།དཔར་རིས་དེ་དག་འོས་གཞི་སྐྱེ་བོ་རང་གི་དྲིལ་བསྒྲགས་ཡིག་ཆ་དང་། མཚོན་རྟགས་ཚུལ་དུ་བེད་སྤྱོད་མི་ཆོག་པ་ལས་ལས་དོན་སྒྲུབ་ཡུལ་དུ་ཡོད་པ་ཙམ་ལ་གོ་བ་མིན་ཞེས་ཕྱི་ཟླ་ ༩ ཚེས ༣ ཉིན་འདི་འབྲེལ་འགྲེལ་བཤད་ཡིག་ཆ་བཅས་སོང་ཟིན་པ་ལྟར་ཡིན།
འོས་སྒྲིག་དོན་ཚན་༢༤༼༩༽ སྲིད་སྐྱོང་དང།སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང།དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང།རྩིས་ཁྲ་འབུལ་ཕྱོགས།དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས།ཞེས་གསལ་བའི་འབྲུ་དོན་འོག
ལམ་སྟོན་གསལ་བསྒྲགས་ཡིག་ཆ་ནང་གསེས་༼༥༽འོས་གཞིར་ཞུགས་མཁན་སུ་ཐད་ནས་ཀྱང་སྐབས་དོན་སོ་སོར་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཡིག་ཆའི་ཐོག་༸གོང་ས་མཆོག་གི་སྐུ་པར་དང།བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས།དེ་བཞིན་མཚོན་རྟགས་ཚུལ་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་བོད་ཀྱི་ས་བཀྲ་སོགས་གང་དུ་ཡང་བེད་སྤྱོད་མི་ཆོག
ཕྱི་ཟླ་ ༩ ཚེས་ ༣ ཉིན་འདི་འབྲེལ་འགྲེལ་བཤད།
དེ་ལྟར་བེད་སྤྱོད་མི་ཆོག་ཅེས་པའི་གཙོ་གནད་ནི་རང་ཉིད་འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དུ་དམིགས་ཏེ་རྒྱབ་ལྗོངས་ལ་གསར་དུ་གོང་གསལ་པར་རིས་དེ་དག་བེད་སྤྱོད་མི་ཆོག་པ་ལས། རང་གི་མི་ཚེའི་བྱུང་བའི་ནང་ལས་དོན་སྐབས་དང་ལས་དོན་སྒྲུབ་ཡུལ་སོགས་སུ་པར་རིས་དེ་དག་ཡོད་པ་ཙམ་ལ་གོ་བ་མིན།
མཐའ་དོན་དྲིས་ལན། འགན་འཛིན་གསུམ་གྱིས་བཅའ་སྒྲིག་གིས་བཀུར་བའི་འགན་དབང་དང་།འོས་སྒྲིག་ལྟར་ཐག་གཅོད་བྱས་ཏེ་འོས་བསྡུའི་ལས་དོན་ཡོངས་རྫོགས་ལ་འགན་ཁུར་ལེན་བཞིན་ཡོད་པ་ལས་གོ་དབང་བེད་ལོག་སྤྱད་པ་གང་ཡང་མེད།འོས་སྒྲིག་དོན་ཚན་༢༥ དང་དེའི་ནང་གསེས་༣ པ་དེ་བཞིན་འོས་བསྡུའི་ལས་བྱེད་ལ་གོ་དགོས་པ་ལས་འགན་འཛིན་རྣམ་པ་ལ་གོ་བ་མིན་པ་གཤམ་གསལ་སྒྲིག་གཞིར་གཟིགས་རྒྱུ་དང། འོས་བསྡུའི་འགན་འཛིན་རྣམས་ནི་བཅའ་ཁྲིམས་དོན་ཚན་༩༧ ནང་གསེས་༡དང་༢པའི་དགོངས་དོན་ལྟར་བསྐོ་བཞག་གནང་བ་ཞིག་ཡིན།དེ་ཡང་གཤམ་གསལ་བཅའ་སྒྲིག་ནས་གཟིགས་ཞིབ་གནང་ན་ཤེས་ཐུབ་པ་བཅས་ཀྱི་ལན་འདེབས་སྙིང་བསྡུས་སུ།
* འོས་སྒྲིག་དོན་ཚན་ ༢༥ འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད།
འོས་གཞིའམ། དེར་ཕྱོགས་གཏོགས་བྱེད་མི་དང༌། སྐྱེ་བོ་སུ་རུང༌། འོས་བསྡུའི་ལས་བྱེད་དམ། སྲིད་དོན་གྱི་ཚོགས་པ། ཚོགས་སྐྱིད་ཁག་ནས་དོན་ཚན་ ༢༤ པ་ནང་གསལ་འགལ་འཛོལ་བྱུང་རིགས་ལ་དབུས་འོས་བསྡུ་ལས་ཁང་ནས་རྩད་ཞིབ་ནན་ཏན་བྱས་ཏེ་ཉེས་ཆད་གཏན་འབེབས་ཀྱིས་སྐབས་འཕྲལ་སོ་སོར་རྒྱ་ཁྱབ་གསལ་བསྒྲགས་བྱེད་དགོས།
དོན་ཚན་༢༥ ནང་གསེས་ ༼༣༽ འོས་བསྡུའི་ལས་བྱེད་གང་རུང་ནས་གོ་དབང་བེད་ལོག་ཏུ་སྤྱད་པའམ། འོས་བསྡུའི་གསང་རྒྱ་དགོས་རིགས་ཕྱི་གྱར་བྱས་པ་ཡིན་ན། ལམ་སེང་འོས་བསྡུའི་ལས་འགན་ནས་གནས་དབྱུང་གཏོང་དགོས།
བཅའ་སྒྲིག་དོན་ཚན་ ༩༧༼༡ ཀ༽ དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། དེ་མིན་ལས་བྱ་ཇི་དགོས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་གོ་བསྡུར་དང་འབྲེལ་བཀའ་ཤག་ནས་སྐབས་སོ་སོར་བསྐོ་གཞག་བྱེད་ཆོག་པ་ཡིན།
༼༡ ཁ༽ གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།
༼༢ ཀ༽ སྲིད་སྐྱོང་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ནས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱེད་འཐུས།
༼༢ ཁ༽ གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་གྲོས་ཚོགས་མ་འཚོགས་པའི་སྐབས་བསྐོ་གཞག་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་བསྐོ་གཞག་བྱེད་དགོས།
༼༢ ག༽ དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་བཅའམ། ཁས་ལེན་བྱེད་དགོས།
དབུས་འོས་བསྡུ་ལས་ཁང་ནས། ༢༠༡༥ ཟླ་ ༡༡ ཚེས་ ༢༥ ལ།།
ངོ་བཤུས། ཆེས་མཐོའི་ཁྲིམས་ཞིབ་ཁང།
བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས།
བཀའ་དྲུང་ཡིག་ཚང།