༢༠༡༥ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པ།
༄༅། ། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣ ཉིན་ལྷ་བབས་དུས་ཆེན་ཉིན་དང་སྟབས་བསྟུན། བར་ཁམས་རོང་པོ་ཤོག་ཀ་ཕྱེད་བརྒྱད་དང་། བར་ཁམས་སོག་ཤོད། བར་ཁམས་ཁྲི་རྡོ། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས། གསུང་ཆོས་ར་བའི་ནང་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་མཛད་སྒོ་ཞིག་ཚོགས་ཡོད། སྐབས་དེར་བརྟན་བཞུགས་དང་འབྲེལ་སོག་ཤོད་སེར་སྐྱ་མི་མང་གིས་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་སླད་གསེར་གྱི་རྟགས་མ་ཞིག་དང་། བར་ཁམས་རོང་པོ་སེར་སྐྱ་མི་མང་ནས་གསེར་གྱི་འཁོར་ལོ་ཞིག་བཅས་འབུལ་ལམ་ཞུས་འདུག དེ་ཡང་སྐབས་དེར་སོག་ཞབས་དྲུང་རིན་པོ་ཆེ་མཆོག་གིས་གསུང་བཤད་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། འཛམ་གླིང་འདིའི་སྟེང་གི་ཆེས་མཐོའི་མི་སྣ་དང་། མཁས་དབང་། རྣམ་དཔྱོད་ཅན་གྱི་སྐྱེ་བོ་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་དང་། ཨ་མི་རི་ཁའི་གསེར་གྱི་གཟེངས་རྟགས་སོགས་གཟེངས་རྟགས་ཁག་ ༡༥༥ ལྷག་ཕུལ་ཏེ། མགོན་པོ་གང་ཉིད་འཛམ་གླིང་ཡོངས་ཀྱི་ཞི་བདེའི་དབུ་ཁྲིད་ལ་མངའ་གསོལ་བའི་སྙན་གྲགས་ཀྱིས་འཛམ་གླིང་གཡོ་བར་བྱེད་པའི་ངོ་མཚར་ཆེ་བའི་མཛད་པ་བསྟན།
ལྷག་པར་དུ་༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་བཀོད་ནས་རིས་མེད་ཀྱི་ཆོས་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན། གཞིས་ཆགས་ཁག་བཅས་གསར་འཛུགས་མཛད་པའི་ཁྲོད། འུ་ཅག་སོག་ཤོད་ལུང་པའི་སེར་སྐྱ་མི་མང་ལ་གཅིག་མཚུངས་ཀྱི་སྐལ་བཟང་སྤྱི་བོའི་གཙུག་ཏུ་སྨིན་པའི་བཀའ་དྲིན་ཤིན་ཏུ་ཆེ་བས་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་སོགས་དགེ་བཤེས་གང་མང་ཐོན་པ་དང་། སློབ་གྲྭ་ཁག་ནས་སློབ་དཔོན་དང་བསྟན་བཅོས་སློབ་ཐོན་པ། གཞན་ཡང་སྨན་པ་དང་རྩོམ་པ་པོ། སྙན་ངག་པ། གསར་འགོད་པ་སོགས་བྱུང་ཡོད་ལ། དེ་བཞིན་ཕ་ཡུལ་སོག་དགའ་ལྡན་འཕེལ་རྒྱས་གླིང་དུ་མཚན་ཉིད་བཤད་གྲྭ་གསར་དུ་འཛུགས་ཐུབ་པ་བྱུང་བ་སོགས་སྔར་འུ་ཅག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ལྟ་བུ་བྱུང་བ་འདི་དག་ནི། ༸གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བའི་བཀའ་དྲིན་སྙིང་དབུས་སུ་བཅངས་ནས། ཞེས་སོགས་འཁོད་པ་སྒྲོག་སྦྱངས་གནང་རྗེས་བར་ཁམས་སོག་ཤོད་གསེར་སྐྱ་ཡོངས་ནས་བོད་ཀྱི་ས་ཁྲ་དང་། སངས་རྒྱས་ཚེ་དཔག་མེད་སོགས་རི་མོར་བཀོད་པའི་གསེར་གྱི་རྟགས་མ་དང་བར་ཁམས་རོང་པོ་སེར་སྐྱ་མང་ཚོགས་ཡོངས་ནས་གསེར་གྱི་འཁོར་ལོ་འབུལ་ལམ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་བཞེས་མཛད། དེ་རྗེས་བར་ཁམས་སོག་ཤོད་གཞོན་སྐྱེས་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས།
མཛད་སྒོའི་མཐར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཁྱེད་རང་ཚོ་བརྟན་བཞུགས་ཁག་གསུམ་ནས་དངོས་གནས་དད་དམ་གཙང་མ་ངོ་གདོང་ལ་བལྟས་ནས་འདྲ་ཆགས་པོ་བཤད་བཞག་པའི་སྐད་ཆ་མ་རེད། དེ་སྔ་བོད་ལ་ཡོད་སྐབས་ཡིན་ནའང་རེད། རྒྱ་གར་ནང་བཙན་བྱོལ་ཆགས་ནས་ལོ་ ༥༦།༥༧ གི་སྒང་ལ་འགྲོ་བཞིན་ཡོད་པ་རེད། དེའི་རིང་ལ་དད་དམ་གཡོ་བ་མེད་པ་བྱས་ནས་འདི་ལྟར་བསྡད་པ་རེད། བླ་མ་ལ་བརྟན་བཞུགས་ཕུལ་ཟེར་བ་དེ་འབུལ་དངོས་ཀྱི་ཐོག་ནས་བརྟན་བཞུགས་ཡོང་བ་ཟེར་བ་དེ་མ་རེད། དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པ་ཡིན་ན། བླ་མ་དང་སློབ་མའི་བར་དུ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་རེད། ངོས་ལ་ཆ་བཞག་ནའང་། ཧོབ་སྟེ་བལྟས་པ་ཡིན་ན་ཤེས་གསལ་རེད། ངོས་རང་སྐྱེ་ས་ཨ་མདོ་སྐུ་འབུམ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ལ་སྐྱེས་པ་རེད། དེ་འདྲའི་ཕྲུ་གུ་ཞིག་རིམ་གྱིས་༸རྒྱལ་བ་རིན་པོ་ཆེའི་མིང་ཞིག་ཐོགས། ང་རང་གི་ངོས་ནས་ཀྱང་ལོ་ ༨༡ ལ་བསླེབས་པའི་བར་དུ་གང་ལྟར་བོད་སྤྱི་པའི་དོན་ལ་སེམས་ཁུར་ཞིག་བླངས་ཏེ་གང་ཡོང་ཅི་ཡོང་བྱས་པ་རེད། དེ་འདྲ་ཡིན་དུས་ཧོབ་སྟེ་སྒང་ལ་སྐུ་འབུམ་གྱི་ཉེ་འཁོར་ས་ཆ་ཁུག་ཀྱོག་ཧུ་ནེན་ལ་སྐྱེས་པའི་ཕྲུ་གུ་ཞིག་ཧོབ་སྟེ་དེ་འདྲ་ཆགས་པ་དེ། ལས་དང་སྨོན་ལམ་གྱི་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་རེད་མ་གཏོགས་ཤུགས་རྐྱེན་གང་ཡང་མེད་པར་ཡོང་གི་མ་རེད། ངོས་རང་འཕགས་པ་སྤྱན་རས་གཟིགས་ཡིན། ཞེས་ཟེར་གྱི་མེད། ད་འཕགས་པ་སྤྱན་རས་གཟིགས་རྐང་པ་ན་ནས་གང་མཚམས་ཤིག་ལ་སྤྱན་རས་གཟིགས་ཁར་རྒྱུག་འཁྱེར་མཁན་ཞིག་བཞེངས་དགོས་པ་འདུག ཅེས་ཞལ་ཤོབ་མཛད། ངོས་རང་མི་ཕལ་པ་ཞིག་ཡིན། འོན་ཀྱང་ལས་དང་སྨོན་ལམ་དང་། ལྷག་པའི་ལྷས་བྱིན་གྱིས་རླབས་པ་དེ་འདྲའི་ཁྱད་པར་ཡོང་རྒྱུ་རེད། གང་ལྟར་ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་སྟབས། དད་པ་དང་དམ་ཚིག་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་འཛམ་གླིང་གི་ཆབ་སྲིད་རྐྱང་རྐྱང་གི་འགོ་ཁྲིད་ལབ་པ་ཡིན། དེར་ལས་དང་སྨོན་ལམ་ཕྲན་བུ་ཡོང་མདོག་ཁ་པོ་རེད་མ་གཏོགས་དེ་ཙམ་གྱི་འབྲེལ་བ་མེད། ང་རང་ཚོ་འདིར་ཆོས་ཕྱོགས་དང་འབྲེལ་བ་ཞིག་ཆགས་ཡོད་སྟབས་ལས་དང་སྨོན་ལམ་གྱི་འབྲེལ་བ་ཏན་ཏན་ཤུགས་ཆེན་པོ་ཞིག་ཡོད། དེའི་ནང་ལ་དད་པ་དང་དམ་ཚིག་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ནམ་རྒྱུན་འདི་འདྲ་ཡོང་བཞིན་ཡོད། སློབ་མའི་ངོས་ནས་དམ་ཚིག་ཉམས་པ་ལྟ་བུ་བྱས་ན་དམ་གྲིབ་ཅེས་ལབ་སྲོལ་ཡོད། འཁོན་གྲིབ་ཟེར་བ་དང་ཉམས་གྲིབ་ཟེར་བ་དེ་འདྲ་བརྗོད་སྲོལ་ཡོད། དེ་འདྲ་ཡིན་དུས་ཁྱེད་རང་ཚོས་ཐོག་མཐའ་བར་གསུམ་དུ་བསམ་པ་རྣམ་དག་དང་དད་དམ་གཡོ་བ་མེད་པར་གནས་པ་རེད། དེ་རིང་འདིར་ཀུན་སློང་ལྷག་བསམ་རྣམ་པར་དག་པ་ཞིག་གི་ཐོག་ནས་བརྟན་བཞུགས་བཀྱགས་ཡོད་སྟབས། ནུས་པ་གང་འཚམ་ཞིག་ཏན་ཏན་ཡོང་གི་རེད། དེ་འདྲ་ཡིན་དུས་ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད།
འདིར་ཁྱེད་རང་ཚོས་གསེར་གྱི་རྟགས་མ་ཞིག་དང་གསེར་གྱི་འཁོར་ལོ་ཞིག་ངོས་ལ་གོ་སྒྲིག་བྱས་པ་རེད། གསེར་གྱི་རྟགས་མ་འདི་ལྗིད་པོ་འདུག སྔ་མོ་ཨ་རིར་གསེར་གྱི་རྟགས་མ་ཞིག་སྤྲོད་སྐབས་ལས་བྱེད་པ་གཅིག་གི་ལག་ནས་ས་ལ་ལྷུང་པར་བརྟེན་གཟེངས་རྟགས་དེ་ཏོག་ཙམ་སྐྱོག་སྐྱོག་ཆགས་འདུག དེ་རིང་འདིར་གཟེངས་རྟགས་སར་ལྷུང་མེད། དེ་རིང་ཁྱེད་རང་ཚོས་འདིར་དད་པ་དང་དམ་ཚིག་ནས་གཙོ་བོ་དད་པ་རེད། དད་པ་དང་ཞེན་ཁོག་དེ་འདྲའི་ཐོག་ནས་རང་འགུལ་གྱིས་འགྲོ་སོང་ཆེན་པོ་བཏང་ནས་བཟོས་པར་བརྟེན་དཀའ་ལས་ཧ་ཅང་བརྒྱབ་འདུག ཐུགས་རྗེ་ཆེ་ཟེར་གྱི་ཡིན།
ད་ལྟ་ཁྱེད་རང་ཚོས་དོལ་རྒྱལ་སྐོར་སྤང་བླང་ཚུལ་བཞིན་བྱ་རྒྱུའི་ཁས་ལེན་དམ་བཅའ་སེམས་ཐག་ཆོད་མཁན་དེ་དག་གིས་ཁས་ལེན་དམ་བཅའ་བརྟན་པོ་འཛིན་པ་དང་། ཁྱེད་རང་ཚོའི་ཁོངས་སུ་དོལ་རྒྱལ་བསྟེན་མཁན་ཡོང་གི་ཡོད་པ་དེར་ཁག་རྩ་བ་ནས་ཡོད་པ་མ་རེད།
ངོས་རང་ལ་ཆ་བཞག་ནའང་ཕྱི་ལོ་ ༡༩༥༠། ༡༩༥༡ མགོ་སྟོད་དེར་ངོས་རང་གྲོ་མོར་བསླེབས་པ་རེད། གྲོ་མོར་གྲོ་མོ་དུང་དཀར་དགོན་པར་གྲོ་མོ་དགེ་བཤེས་སྐུ་གོང་མ་དེས་ཕྱག་བཏབ་པའི་དགོན་པ་དེར་འདུལ་འཛིན་ཕེབས་ཀྱི་ཡོད། གང་ལྟར་རྒྱལ་ཆེན་ཞི་དྲག་ཡོད། དོལ་རྒྱལ་ཞི་དྲག་གཉིས་ཡོད། ཞིབ་ཕྲ་བཤད་དགོས་མི་འདུག སྐབས་དེ་ནས་ངོས་རང་འབྲེལ་བ་བྱུང་བ་རེད། དེ་ནས་ཕྱི་ལོ་ ༡༩༥༡ ནས་ཕྱི་ལོ་ ༡༩༦༠ རེ་གྲངས་ཕྱི་ལོ་ ༡༩༧༠ མ་ཟིན་ཙམ་བར་ངོས་ཀྱིས་དོལ་རྒྱལ་བསྟེན་པ་རེད། འཇམ་མགོན་རྒྱལ་བའི་བསྟན་སྲུང་གི་སྲུང་མ་རེད། ཅེས་གྲགས་པ་ཧ་ཅང་ཡོད། དུས་ཕྱིས་སུ་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་གཙོས་དོལ་རྒྱལ་བསྟེན་པ་གནང་མཁན་དགེ་ལུགས་པའི་བླ་མ་དངོས་གནས་ཚད་ལྡན་འགའ་ཤས་ཡོད། མང་ཆེ་བས་བསྟེན་གྱི་མེད། དེ་འདྲའི་ཐོག་ནས་ངོས་ནས་ཀྱང་བསྟེན་པ་རེད།
གང་ལྟར་མི་ཤེས་པ་རེད། མཐོ་ས་རྒྱལ་བ་རིན་པོ་ཆེས་མི་ཤེས་པའི་ཐོག་ནས་ནོར་འཁྲུལ་གཏོང་སྐབས་ཁྱེད་རང་ཚོར་ཁག་རྩ་བ་ནས་མེད། དངོས་ཡོད་གནས་ཚུལ་དེ་ཤེས་ཀྱི་མེད། དེར་བརྟེན་ཁག་རྩ་བ་ནས་མེད། དེ་རིང་ཁ་སེང་དོལ་རྒྱལ་ཚོགས་པ། རྙིང་རྗེ། ངོས་རང་ཕྱི་རྒྱལ་ས་ཁུལ་འདྲ་མིན་ནང་བསྐྱོད་སྐབས་དོལ་རྒྱལ་ཚོགས་པའི་ངོ་རྒོལ་བྱེད་མཁན་མེད་པའི་སྐབས་མེད་པ་ལྟ་བུ་རེད། ས་ཆ་གང་ས་གང་དུ་ཁོ་པ་ཚོ་ཡོང་གི་འདུག འཆར་ཅན་ལྟ་བུ་ཆགས་ནས་ངོས་ཀྱིས་དེ་འདྲ་ཤོད་ཀྱི་ཡོད། ས་ཁུལ་སོ་སོར་བོད་རིགས་སྤྱི་བྱིངས་ཚོས་ཁོ་པ་ཚོར་གདོང་ལེན་ལྟ་བུ་བྱས་ནས་ཡོང་བཞིན་འདུག ཁོང་ཚོར་དེང་སྐབས་ཁྱེད་ཚོར་ལས་ཀ་གསར་པ་ཞིག་ཆགས་འདུག ལས་ཀ་འཕར་མ་ཞིག་འདུག ཅེས་ངོས་ཀྱིས་དེ་འདྲ་ལབ་རྒྱུ་བྱུང་། དོལ་རྒྱབ་བསྟེན་མཁན་དེ་ཚོ་རྙིང་རྗེ། མང་ཆེ་བས་དངོས་ཡོད་གནས་ཚུལ་ཤེས་ཀྱི་མེད། རེ་ཟུང་གིས་ཤེས་བཞིན་དུ་ཁྱད་གསོད་བྱེད་མཁན་ཡོང་གི་རེད། སྟོན་པ་བཅོམ་ལྡན་འདས་ལའང་བཀུར་བ་འདེབས་མཁན་ཡོང་གི་ཡོད། སྤྱོད་འཇུག་ནང་གསུངས་པ་ལྟར། སེམས་ཅན་ཐམས་ཅད་འགུ་བ་རྒྱལ་བ་ཡིན་ཀྱང་མི་ནུས་ན། བདག་འདྲ་ངན་པས་ཡོང་གི་མ་རེད། ཅེས་གསུངས་པ་དེ་བདེན་པ་རེད། གད་མོ་ཤོར་རྒྱུ་གཅིག་ལ་དོལ་ཚོགས་ཁོ་པ་ཚོ་གྲས་ཀྱིས་དེང་སྐབས་ངོ་རྒོལ་བྱས་སྐབས་ངོས་རང་ཏཱ་ལའི་བླ་མ་རྫུན་མ་རེད། ངོས་རང་ཁ་ཆེ་རེད། བོད་མི་མང་ཚོས་ཏཱ་ལའི་བླ་མའི་རྗེས་སུ་འབྲང་རྒྱུ་མེད། ཅེས་དེ་འདྲ་ཤོད་བཞིན་འདུག དེ་ཚོ་ཚད་ལས་འགལ་བ་ལྟ་བུ་རེད། རྙིང་རྗེ་ཨང། མི་ཤེས་པས་དབང་གིས་རེད། གང་ལྟར་བརྒྱུད་སྐུལ་བྱེད་མཁན་དེ་ཚོས་ངོས་སྒེར་ལ་མི་དགའ་བ་བྱེད་མཁན་དེ་འདྲ་ཡོང་བཞིན་ཡོད། དེར་ཁྱད་གང་ཡང་མེད། ངོས་ཀྱིས་བོད་པ་ཚོར་ཁྱེད་རང་ཚོས་དོལ་རྒྱལ་ཚོགས་པ་ངོ་རྒོལ་བྱེད་མཁན་ཚོར་རླུང་མ་བྱེད། ཅེས་བརྗོད་ཀྱི་ཡོད། ངོས་རང་ལ་མཚོན་ནའང་རླུང་གང་ཡང་ལངས་ཀྱི་མི་འདུག རྙིང་རྗེ་བསམ་པ་དྲན་གྱི་འདུག དབུ་མ་འཇུག་པའི་ནང་དུ། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱ། བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། ཞེས་གསུངས་ཡོད།
ངོས་རང་དེ་རིང་ཞོགས་པ་ལབ་པ་བཞིན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་ཡོད་པ་བྱས་ནས་རྒྱལ་སྲས་རང་མིན་ནའང་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་མོས་པ་ཡོད་པའི་ཐོག་ནས་ཉིན་རེ་བཞིན་དུ་ཟུངས་སྔགས་གསོག་རྒྱུའི་ཚབ་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉིན་རེ་བཞིན་ཚར་བརྒྱ་ལབ་ན་ཏོག་ཙམ་མང་དྲགས་པ་མིན་འགྲོ། གཞན་ལྷའི་རྣལ་འབྱོར་སོགས་དུས་རྟག་ཏུ་བསམ་བློ་གཏོང་གི་ཡོད། དེ་འདྲ་ཡིན་དུས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པར་ཐོས་བསམ་བྱས་ནས་ངེས་པ་ཐོབ་པ་གཅིག་གི་ཐོག་ནས་གང་ཐུབ་བྱེད་མཁན་གྱི་མི་གཅིག་ཡིན་དུས་ཁོ་པ་ཚོར་རྙིང་རྗེ་ཡི་འདུག ངོས་ལ་དམིགས་ནས་ཁོང་ཁྲོ་ཞེ་དྲགས་ཟ་དུས་སྡིག་པ་གསོག་རྒྱུ་རེད། དེར་བརྟེན་རྙིང་རྗེ་བསམས་ནས་ཡ་ང་ཡི་འདུག་མ་གཏོགས་དེར་ཁོང་ཁྲོ་ཟ་རྒྱུ་གང་ཡང་མི་འདུག དངོས་སུ་མགོ་ལ་དབྱུགས་པ་ཞུས་ན་ཁོང་ཁྲོ་ཟ་མདོག་ཁ་པོ་རེད། དེ་འདྲ་ཞིག་མ་བྱུང་བར་གང་ཡང་དྲན་གྱི་མི་འདུག རྙིང་རྗེ་བསམས་དྲན་གྱི་འདུག དེར་བརྟེན་ཁྱེད་རང་ཚོའི་ཕ་ཡུལ་ལ་དོལ་རྒྱལ་བསྟེན་མཁན་དེ་ཚོར་ཁག་རྩ་བ་ནས་མེད། ཁོང་ཚོས་ཤེས་ཀྱི་མེད།
དེར་བརྟེན་འགྲེལ་བཤད་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ངོས་ནས་ཀྱང་ཐོག་མར་དོགས་པ་ཞིག་བྱུང་ནས་རིམ་བཞིན་འདས་པའི་ལོ་ ༤༠༠ ཙམ་གྱི་ལོ་རྒྱུས་ལ་ཉམས་ཞིབ་བྱས། དེ་བཞིན་ངོས་ཀྱི་མི་རབས་འདིའི་སྒང་གི་བླ་མ་དང་དགེ་བཤེས་མང་པོ་ཞིག དོལ་རྒྱལ་མི་བསྟེན་མཁན། དོལ་རྒྱལ་ལ་སྐྱོན་བརྗོད་གནང་མཁན་དང་། ཡང་དོལ་རྒྱལ་བསྟེན་པ་གནང་མཁན་ཚང་མར་ཞིབ་འཇུག་བྱེད་སྐབས་དོལ་རྒྱལ་བསྟེན་པ་གནང་མཁན་ཚོར་དམིགས་བསལ་གྱི་ལམ་འགྲོ་ཆེ་བ་དང་དམིགས་བསལ་གྱི་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡངས་སྒོས་འཇམ་མགོན་བླ་མའི་བསྟན་པ་ལ་ཁྱད་ཐོན་པའི་བསྟན་པའི་བྱ་བ་དེ་ཙམ་མེད་པ་ལྟ་བུ་འདུག ཕྱོགས་གཅིག་ནས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེ་ངོས་ཀྱི་བརྒྱུད་པའི་བླ་མ་རེད། དངོས་གནས་དྲང་གནས་ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་རེད། བླ་མ་ཚད་ལྡན་རེད། ཡིན་ནའང་ཕལ་ཆེར་ཐོག་མ་ནས་དོལ་རྒྱལ་རང་གི་ཁ་ནས། ང་དགེ་ལུགས་པའི་དམ་སྲི་ཡིན། ཞེས་བཤད་པ་ནང་བཞིན་ངོ་ཐོག་རང་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེས་དོལ་རྒྱལ་བསྟེན་པ་གནང་བའི་རྗེས་སུ་དམ་སྲིའི་ཆོ་འཕྲུལ་གྱིས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་མཐའ་ན་བླ་མ་འགའ་ཤས་ཀྱིས་བདུད་ཀྱི་སྤྲུལ་པ་རེད། ཅེས་བརྗོད་རྒྱུ་ཞིག་ཆགས་པ་རེད།
དེས་དགེ་ལུགས་པའི་བསྟན་པ་ལ་ཕན་ཡོད། དགེ་ལུགས་པའི་བསྟན་པ་ལ་འགལ་ཟླ་མང་དུ་ཕྱིན་ཡོད་བརྗོད་ན། འགལ་ཟླ་མང་དུ་ཕྱིན་ཡོད། བར་སྐབས་ཁམས་ཀྱི་དགོན་པ་གཅིག་གི་ལས་སྣེ་ཟུར་པ་ཞིག་ངོས་དང་ཐུག་བྱུང་། དེ་སྔ་ཁོང་ཚོས་དོལ་རྒྱལ་བསྟེན་གྱི་ཡོད། དོལ་རྒྱལ་བསྟེན་པའི་སྐབས་ཁོང་ཚོའི་ས་ཁུལ་དེར་ས་སྐྱ་དང་རྙིང་མ་བཀའ་བརྒྱུད་དགོན་པ་བཅས་དགོན་ཁག་བཅུ་བདུན་ཙམ་ཡོད་འདུག དེ་སྔ་ཁོང་ཚོའི་དགོན་པ་དེས་དོལ་རྒྱལ་བསྟེན་པའི་སྐབས་དགོན་ཁག་གཞན་དེ་དག་དང་འབྲེལ་བ་མེད་པ་བྱས་ནས་བསྡད་འདུག དགོན་པ་ཚོས་ཆོས་ལུགས་མི་མཐུན་པ་བྱས་ནས་འབྲེལ་བ་མེད་སྟབས་སྦྱིན་བདག་ཚོ་ཚང་ཕན་ཚུན་འབྲེལ་བ་མེད་པ་བྱས་ནས་བསྡད་འདུག ཕྱིས་སུ་ངོས་ཀྱིས་འདི་ནས་དོལ་རྒྱལ་དམ་བསྒྲགས་བྱས་པའི་གནས་ཚུལ་འདི་བྱུང་ནས་ཁོང་ཚོས་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱས་རྗེས་དགོན་ཁག་བཅུ་བདུན་ཙམ་ཡོད་པ་ཚང་མ་དམ་ཚིག་མཐུན་པོ། ནང་གཙང་མ་དེ་འདྲ་ཆགས་སོང་། དགོན་ཁག་ཚོ་དམ་ཚིག་མཐུན་པོ་ཆགས་སྟབས་སྦྱིན་བདག་ཚོ་ཡང་རང་བཞིན་གྱིས་དམ་ཚིག་མཐུན་པོ་གཅིག་གིས་གཅིག་ལ་སེམས་ཐག་ཉེ་པོ་ཆགས་པ་དེ་འདྲ་བྱུང་སོང་། ཞེས་བརྗོད་མཁན་བྱུང་། དེ་འདྲ་རེད། དེར་བརྟེན་དངོས་ཡོད་ལོ་རྒྱུས་ལ་ཉམས་ཞིབ་བྱེད་ཡོང་དུས་ཕན་ལས་གནོད་ཆེ་བ་ཡིན་པ་ཧ་ཅང་གསལ་པོ་འདུག
ངོས་རང་སྒེར་གྱི་ངོས་ནས་དོལ་རྒྱལ་ཧ་ལམ་ལོ་བཅོ་ལྔ་ཉི་ཤུ་བསྟེན་པ་འདི་མཚམས་འཇོག་བྱེད་ཡག་དེ་ཡང་བརྟག་དཔྱད་རིམ་པ་མང་པོ་བྱས་ནས་མཐའ་མར་ངོས་ཀྱིས་མཚམས་འཇོག་གཙང་མ་བྱས་པ་རེད། དེར་བརྟེན་དེ་འདྲ་ཡིན་དུས་ངོས་རང་ལ་ཆ་བཞག་ནའང་མི་ཤེས་པའི་དབང་གིས་ནོར་འཁྲུལ་རྗེས་སུ་ཕྱིན་པ་རེད། དེར་བརྟེན་ཁོང་ཚོར་ཁག་མེད། ཁོང་ཚོས་དངོས་ཡོད་གནས་ཚུལ་ཤེས་པ་བྱུང་ན་བསམ་བློ་གཏོང་གི་རེད། རྩ་བ་དོལ་རྒྱལ་མཚམས་འཇོག་བྱེད་མིན་ཟེར་བ་དེ་སོ་སོ་སྒེར་གྱི་ཇུས་གཏོགས་རེད། ངོས་ལ་ལས་འགན་གང་ཡོད་བརྗོད་ན། ངོས་རང་གི་ཉམས་མྱོང་ཐོག་ནས་དངོས་ཡོད་གནས་ཚུལ་གང་བྱུང་བ་དེ་འགྲེལ་བཤད་རྒྱག་དགོས་པ་འདི་ངོས་ཀྱི་ལས་འགན་རེད། འགྲེལ་བཤད་བརྒྱབ་ནས་ཉན་དང་མི་ཉན་ཟེར་བ་དེ་སྒེར་པ་སོ་སོས་བསམ་བློ་གཏོང་རྒྱུ་རེད། དོལ་རྒྱལ་དགའ་ལྡན་ཕོ་བྲང་དང་དམ་སྲི་ཡོད་པ་དེ་༸རྒྱལ་བ་ལྔ་པའི་རྣམ་ཐར་ནང་ལྟོས་དང་གསལ་ཐག་ཆོད་ཡོད། དེ་ནས་ཆོས་ལུགས་ནང་ཚགས་ཕན་ཚུན་མི་མཐུན་པའི་གནས་ཚུལ་མང་པོ་བྱུང་ཡོད། མཁན་རྩེ་ཆོས་ཀྱི་བློ་གྲོས་ཀྱིས་ཨ་མདོའི་ཨ་ལགས་འཇིགས་མེད་དམ་ཆོས། ལེགས་བཤད་སྙིང་པོའི་འགྲེལ་བ་པོད་གཉིས་མཛད་ཡོད། མཁས་པའི་དབང་པོ་རེད། དེ་བཞིན་འཇིགས་བྱེད་རྟོགས་བདུན་གྱི་འགྲེལ་བ་མཛད་ཡོད། ཧ་ལས་པ་ཞིག་རེད། ཁོང་ལ་ཕྱག་བྲིས་ཕུལ་བའི་ནང་དུ་དོལ་རྒྱལ་བསྟེན་སྲོལ་བྱས་ནས་ཆོས་ལུགས་དམ་སྲི་ཆེན་པོ་བཟོ་བཞིན་འདུག ཅེས་བཀོད་འདུག དེ་སྔ་ནས་བོད་ནང་གནས་ཚུལ་དེ་འདྲ་བྱུང་ཡོད། ༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་རྙིང་མའི་ཆོས་གནང་གི་མེད། དགེ་ལུགས་གཙང་མ་ལྟ་བུ་རེད། དགེ་ལུགས་རྐྱང་རྐྱང་ལྟ་བུ་རེད། ཁོང་གི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དོལ་རྒྱལ་དམ་བསྒྲགས་གང་འདྲ་གནང་འདུག དེ་རྣམ་ཐར་ནང་འདུག རྣམ་ཐར་དེ་བོད་དུ་དཔར་བཀོད་པ་རེད། ང་ཚོས་འདིར་བཟོས་པ་མ་རེད། སྐྱབས་རྗེ་ཕ་བོང་ཁ་བླ་མ་བསམ་གྱིས་མི་ཁྱབ་པ་རེད། སྐུ་འདུན་སྐུ་གོང་མས་ཆ་འཇོག་ཧ་ཅང་གནང་གི་ཡོད།
འོན་ཀྱང་སྐུ་ཚེའི་སྨད་ལ་བཀའ་སྐྱོན་གནང་ས་ཞིག་ཆགས་པ་རེད། དོལ་རྒྱལ་ཐོག་ནས་ཆགས་པ་རེད། དེ་འདྲ་ཡིན་དུས་གནས་ཚུལ་དེ་དག་ཚང་མ་བློ་གཟུ་བོར་གནས་པའི་ཐོག་ནས་ཞིབ་འཇུག་བྱས་ན་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོས་ཕན་ཚུན་འབྲེལ་བ་དེ་འདྲ་ཡོང་སྐབས་ད་ལྟ་བར་དུ་གསལ་བཤད་བྱས་ནས་ཕན་གྱི་ཡོད། ད་དུང་ཡིན་ནའང་གསལ་བཤད་བྱ་རྒྱུ་གལ་ཆེན་པོ་རེད། ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་ལ་བྲག་གཡབ་ཚོས་བརྟན་བཞུགས་ཕུལ་ནས་སྐབས་དེར་ཕྱིན་རྗེས་གཞིས་བྱེས་མཉམ་འཛོམས་བྱུང་སྐབས་ངོས་རང་བྲག་གཡབ་ཏུ་ཡོང་རོགས། ཞེས་གསུངས་སོང་། སྐབས་དེར་ངོས་ཀྱིས་སྔ་མོའི་ལོ་རྒྱུས་ཤིག་བགྲངས་ནས་སྔ་མོ་དགའ་ལྡན་ཤར་རྩེས་དོལ་རྒྱལ་བསྟེན་སྐབས་ངོས་ཀྱིས་འགྲེལ་བཤད་བརྒྱབ་པ་རེད། ད་ཁྱེད་རང་ཚོས་གནས་ཚུལ་འདི་འདྲ་རེད། ཤར་རྩེ་གྲྭ་ཚང་གིས་གཙང་མ་བྱས་ན་ངོས་རང་ཤར་རྩེ་གྲྭ་ཚང་དུ་ཡོང་རྒྱུ་རེད། ཁྱེད་རང་ཚོས་གཙང་མ་ཞིག་མ་བྱས་ན་ངོས་རང་ཤར་རྩེ་གྲྭ་ཚང་དུ་ཡོང་ཐུབ་རྒྱུ་མ་རེད། ཅེས་ལབ་པ་ཡིན། དེ་མཚུངས་བོད་ནང་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་དགོན་པ་དང་ཡུལ་སྡེ་དཔེར་ན། ཆབ་མདོ་ལྟ་བུ། དོལ་རྒྱལ་ཞེ་དྲག་བསྟེན་བཞིན་འདུག ཆབ་མདོ་བོད་གཞུང་གི་གཞུང་དགོན་རེད། འོན་ཀྱང་ངོས་རང་དེར་འགྲོ་རྒྱུའི་ཐབས་ཤེས་རྩ་བ་ནས་མེད། འགྲོ་ཐུབ་རྒྱུ་མ་རེད།
ཕྱོགས་མཚུངས་ཁྱེད་རང་ཚོའི་གཡས་གཡོན་གྱི་དགོན་པ་ཚོས་དོལ་རྒྱལ་བསྟེན་ནས་བསྡད་པ་ཡིན་ན། ངོས་རང་རྩ་བ་ནས་ཡོང་མི་ཐུབ། འདི་གསལ་པོར་ཤེས་པ་བྱོས། ད་དོལ་རྒྱལ་འདམ་དང་ངོས་འདམ་དེ་རེད། དོལ་རྒྱལ་ལའང་དད་པ་བྱས་༸རྒྱལ་བ་རིན་པོ་ཆེ་ལའང་དད་པ་རྩེ་གཅིག་བྱེད་བཞིན་ཡོད། ཅེས་གོང་དུ་འདིར་ལབ་པ་རེད། གང་ལྟར་དོལ་རྒྱལ་དང་༸རྒྱལ་བ་རིན་པོ་ཆེ་འདམ་རྒྱུའི་མཚམས་སུ་བསླེབས་ཡོད། ཁྱེད་ཚོས་དོལ་རྒྱལ་བདམས་ན། འགྲིག་པ་རེད། ངོས་ལ་གང་ཡང་ཞུ་རྒྱུ་མེད། འདི་གཅིག་ཞུ་འདོད་བྱུང་། དེ་ནས་གོང་དུ་སོག་ཞབས་དྲུང་གིས་དབུ་མའི་ལམ་ཟེར་རྒྱུ་གཅིག་བཤད་སོང་། ཞེ་དྲག་ཡག་པོ་རེད། དབུ་མའི་ལམ་ཟེར་རྒྱུ་འདི་ངོས་ཀྱིས་ལོ་བཅུ་དྲུག་ནས་འགན་འདི་བླངས། དེ་ནས་ཕལ་ཆེར་ལོ་ ༡༩།༢༠ སྐབས་ངོས་རང་རྒྱ་ནག་ཏུ་ཕྱིན། མའོ་ཙེ་ཏུང་གིས་མཚོན་པས་འགོ་ཁྲིད་ཚོ་དང་ཐུག་ནས་གང་ལྟར་ཐབས་ཤེས་གང་ཡོང་བྱས་པ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་ནང་དུ། བོད་ལ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་དགོས་རེད། ཟེར་རྒྱུ་འདི་མའོ་ཙེ་ཏུང་རང་གིས་དགོངས་འཆར་གསུངས་ནས་དེ་འཛུགས་མི་དགོས་པ་བྱས་ནས་རང་སྐྱོང་འཛུགས་རྒྱུའི་མའོ་ཙེ་ཏུང་རང་གིས་བསམ་འཆར་བཏོན་སོང་། སྐབས་དེར་ཡོད་པའི་བཀའ་བློན་ཚོ་དང་ང་ཚོ་གོ་བསྡུར་བྱས་ནས་ཚང་མས་དེ་ཡག་པོ་འདུག ཅེས་ཐག་གཅོད་བྱུང་བ་རེད། ཉམས་མྱོང་གཅིག་བྱུང་བ་རེད། དེ་ནས་ཕྱི་ལོ་ ༡༩༥༦ ལོར་ངོས་རང་རྒྱ་གར་དུ་བསླེབས་པ་རེད། དེ་དུས་ཇ་ཝ་ཧར་ལླ་ནེ་རུ་དང་ལྷན་བཀའ་མོལ་ཧ་ཅང་མང་པོ་བྱུང་བ་རེད། གོ་བསྡུར་ཧ་ཅང་མང་པོ་བྱས་པ་ཡིན། མཐར་ངོས་རང་རྒྱ་གར་དུ་སྡོད་རྒྱུ་ཡིན། ཞེས་ཞུས་པ་རེད། སྐབས་དེར་ནེ་རུས་རྒྱ་གར་དུ་བསྡད་ན་ནུས་པ་འཐོན་རྒྱུ་མ་རེད། དེ་ལས་བོད་དུ་ཕར་ལོག ནེ་རུ་རང་གི་ཕྱག་ཏུ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ངོ་བཤུས་དེབ་གཅིག་བསྣམས་ནས་ངོས་རང་སྐབས་དེར་ཧེ་དར་བྷ་ཏི་མགྲོན་ཁང་ནང་སྡོད་ཀྱི་ཡོད། ནེ་རུས་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་འབྲུ་དོན་ཁག་གཅིག་ལ་རྟགས་བརྒྱབ་ནས་དོན་ཚན་འདིའི་ཐོག་ནས་བོད་རང་གི་ནང་ནས་ཤུགས་རྒྱག་དགོས། ཞེས་ནེ་རུ་རང་གིས་དེ་འདྲ་གསུང་བྱུང་། དེ་མིན་བརྟག་དཔྱད་དེ་འདྲའང་བྱས་པ་རེད། མཐའ་མའི་བསྡུས་དེར་ནེ་རུས་དགོངས་འཆར་གནང་བ་ལྟར་ངོས་རང་བོད་དུ་ཕྱིར་ལོག་ནས་གང་ཡོང་ཅི་ཡོང་བྱས་པ་རེད། དེ་དག་གི་ཉམས་མྱོང་བསགས་ཡོད། ཕྱི་ལོ་ ༡༩༥༠ གོང་དུ་བརྗོད་པ་ལྟར་ངོས་རང་གྲོས་མོར་ཡོད་སྐབས་ཟླ་བ་འགའ་ཤས་བསྡད་པ་རེད། འབྲས་རྗེ་བློན་ཆེན་སྐབས་རེ་ལྷ་སར་ཡོང་གི་ཡོད།
འོན་ཀྱང་སྐབས་དེར་ཛ་དྲག་གི་གནས་ཚུལ་ཆགས་ཡོད་སྟབས། ལ་ཕར་བརྒྱབ་ཚུར་བརྒྱབ་ཡིན་ནའང་འབྲས་ལྗོངས་སུ་ཡོད་པའི་འབྲས་རྗེ་བློན་ཆེན་ངོས་རང་ཐུག་ཏུ་བསླེབས་མེད། ཕལ་ཆེར་འབྲས་རྗེ་བློན་ཆེན་ཡོང་གི་རེད། ཟེར་ནས་ང་ཚོ་སྐད་ཆ་བྱུང་ཡང་འབྲས་རྗེ་བློན་ཆེན་བསླེབས་མེད། གང་ལྟར་ཆབ་སྲིད་ཀྱི་རྙོག་གྲ་འདིའི་སྒང་ལ་བསླེབས་ཀྱི་ཡོད། གཞན་ལ་ཕར་བརྒྱབ་ཚུར་བརྒྱབ་རེད། སྒང་ཏོག་ནས་གྲོ་མོར་ཡོང་རྒྱུ་ལ་ཕར་བརྒྱབ་ཚུར་བརྒྱབ་རེད་འདུག འོན་ཀྱང་འབྲས་རྗེ་བློན་ཆེན་བསླེབས་མེད། དེ་ཚོ་ཤེས་དགོས། ངོས་རང་ལྷ་ས་ནས་གྲོ་མོར་འགྲོ་སྐབས་ཆབ་མདོ་ཤོར་ཚར་བ་རེད། ངོས་རང་ལྷ་ས་ནས་བྲོས་རྒྱུ་ཐག་ཆོད་སྐབས་བདེ་སྐྱིད་གླིང་གར་ཡོད་པའི་རྒྱ་གར་གཞུང་གི་སྐུ་ཚབ་འདི་སིནྣཱ་ཟེར་བ་ཁོང་རེད། སིནྣཱས་འཛམ་གླིང་རྒྱལ་ཚོགས་ལ་སྙན་ཞུ་འབྲི་རྒྱུ་དེ་ཚོའི་ཐོག་ལ་ཁོང་གིས་ཟིན་བྲིས་བརྒྱབ་ནས་རོགས་ཧ་ཅང་བྱས་པ་རེད། མཐའ་མ་ངོས་རང་ལྷ་ས་ནས་ཐོན་ཡོང་སྐབས་སིནྣཱ་ཁོང་རང་མཉམ་དུ་ཡོང་རྒྱུ་ཡིན། ཞེས་དང་པོ་ལན་དེ་འདྲ་ཞིག་འབྱོར་བ་རེད། འོན་ཀྱང་དངོས་གཞི་ཐོན་ཡོང་སྐབས་འཇམ་ཐིང་ངེར་བསྡད་པ་རེད། དེ་རྒྱ་གར་གཞུང་ལ་བཀའ་འཁྲོལ་ཞུ་དགོས་སྟབས་རྒྱ་གར་གཞུང་གིས་འགྲིག་གི་མ་རེད། ཅེས་ལབ་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ཕྱི་ལོ་ ༡༩༥༦ གནས་ཚུལ་འདི་ལྟར་རེད། དེ་ནས་བོད་དུ་ཕྱིར་བསླེབས་ནས་དཀའ་ངལ་མང་པོ་ཞིག་བྱུང་བ་དེ་ཚང་མས་ཤེས་ཀྱི་རེད། མཐར་ཕྱི་ལོ་ ༡༩༥༩ ལོར་ཐབས་གཞན་མེད་པར་རྒྱ་གར་དུ་ཚུར་བྲོས་བྱོལ་དུ་ཡོང་བ་རེད། རྒྱ་གར་ས་མཚམས་སུ་འབྱོར་སྐབས་རྒྱ་གར་ནང་བཏང་ཨེ་ཡོང་བསམས་པའི་དོགས་པ་བྱེད་དགོས་པ་ཞིག་བྱུང་། གལ་ཏེ་རྒྱ་གར་གྱིས་མ་བཏང་བ་ཡིན་ན། འབྲུག་ནང་དུ་འཛུལ་ན་ཟེར་ནས། གཞུང་ཞབས་གཉིས་གཅིག་འབྲུག་དང་གཅིག་རྒྱ་གར་ས་མཚམས་སུ་བཏང་བ་རེད། ཕྱིས་སུ་རྒྱ་གར་ནང་ཕྱིན་པའི་གཞུང་ཞབས་ཚོས་རྒྱ་གར་གཞུང་གིས་སྣེ་ལེན་ཨང་གསར་རེད་འདུག ཅེས་དེ་འདྲ་ལབ་བྱུང་། ཡང་སིང་ངེ་ཆགས་སོང་། དེ་འདྲ་བྱས་ནས་རྒྱ་གར་དུ་འབྱོར་བ་རེད། དེ་ནས་ངོས་རང་མ་སུ་རིར་འབྱོར་ནས་ཉིན་གསུམ་བཞིའི་ནང་དུ་ནེ་རུར་མཛད་འཆར་གཞན་དག་ཡོད་ཀྱང་རྐང་ངོས་རང་ཐུག་པར་ཕེབས་བྱུང་། བཀའ་མོལ་ཧ་ཅང་ཡུན་རིང་པོ་བྱུང་། ངོས་ཀྱིས་ནེ་རུ་ལ་ལོ་རྒྱུས་དང་རེ་འདུན་དེ་འདྲ་ཞུས་ནས་སྐབས་དེར་ཚིག་གཅིག་ཐད་ཀར་ཤོད་སྟངས་ལ་ནེ་རུའི་རྣ་བར་འགྲོ་པོ་མ་བྱུང་ནས་ཁོང་རླུང་ལངས་སོང་། དེ་ངོས་ཀྱིས་ཧ་ཅང་གསལ་པོར་དྲན་གྱི་འདུག ཁོང་སོབ་ལྡན་གཅིག་སྟེང་དུ་ཡོད།
སྐབས་དེར་སོབ་ལྡན་ཐོག་མུར་རྫོབ་བསྣུན་ནས་གང་འདྲ་ཟེར་གྱི་ཡོད། ཅེས་གསུངས་བྱུང་། ངོས་གཉིས་ཧ་ཅང་ནང་ཚགས་ཡོད། ཤ་ཚ་ཧ་ཅང་ཡོད། དངོས་གནས་ཤ་ཚ་ཡོད་རེད། དེ་ནས་འཛམ་གླིང་རྒྱལ་ཚོགས་ལ་ཞུ་རྒྱུ་བྱེད་སྐབས་ནེ་རུས་རྒྱལ་ཚོགས་ལ་ཞུས་ན་ཕན་རྒྱུ་མ་རེད། སྐབས་དེ་དུས་རེད། ནེ་རུས་བོད་བཅིང་བཀྲོལ་གཏོང་ཆེད་ཨ་མི་རི་ཀས་རྒྱ་ནག་ལ་དམག་རྒྱག་གི་མ་རེད། ཅེས་ནེ་རུ་རང་གིས་གསུངས་བྱུང་། རྒྱལ་ཚོགས་ལ་ཞུས་དེ་འདྲ་བྱས་ནས་ཕན་ཐོགས་རྒྱུ་མ་རེད། རིམ་བཞིན་རྒྱ་མི་རང་ལ་གཏུགས་ནས་སྐད་ཆ་ཤོད་དགོས་རེད། ཅེསནེ་རུས་གསུངས་བྱུང་། དངོས་ཡོད་གནས་ཚུལ་ཡང་དེ་འདྲའི་བཟོ་ལྟ་བུ་རེད། ང་ཚོས་ཀྱང་རྒྱལ་ཚོགས་ལ་ཞུ་ཡག་དེ་འདྲ་མང་པོ་བྱས་པ་རེད། མཐའ་མ་ཕྱི་ལོ་ ༡༩༧༤ ལོར་ད་ཆ་ང་ཚོས་རང་བཙན་རྩོད་ཀྱི་མིན། རྒྱ་ནག་གཞུང་རང་ལ་འབྲེལ་བ་བྱེད་རྒྱུའི་ཐོག་བསམ་བློ་གཏོང་དགོས་ཀྱི་འདུག ཅེས་ཕྱི་ལོ་ ༡༩༧༤ ལོར་གཏན་འཁེལ་བ་རེད། སྐབས་དེར་དབང་རྡོར་ལགས་དང་ས་སྐྱ་རྟ་མགྲིན་ལགས་ཁོང་ཚོ་སྐབས་དེ་དུས་ཀྱི་མི་རབས་རེད། ང་ཚོ་གོ་བསྡུར་བྱས་ནས་མཐར་དེ་འདྲ་ཞིག་གཏན་འཁེལ་བ་རེད། དེ་ནས་ཕྱི་ལོ་ ༡༩༧༨ ལོ་མཇུག་ཕྱི་ལོ་ ༡༩༧༩ ལོར་ཏིང་ཞའོ་ཕིང་གིས་ངོས་ལ་འབྲེལ་བ་བྱ་རྒྱུའི་འདོད་པ་ཡོད། ཅེས་བརྗོད། འདི་ལྟར་བྱས་ནས་འབྲེ་བ་བྱུང་བ་རེད། དེ་ནས་བོད་དུ་གཉེན་འཕྲད་འགྲོ་རྒྱུ་དེ་འདྲའི་གོ་སྐབས་བྱུང་བ་རེད། བོད་ནས་ཚུར་མི་ཡོང་རྒྱུའི་གོ་སྐབས་དེ་བྱུང་བ་རེད། འདི་ལྟར་བྱས་ནས་ལོ་མང་པོའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་བཤད་པ་མ་གཏོགས། བསམ་བློ་གང་ཡང་མ་བཏང་པ་དང་། ཡང་ན་བློ་ཁོག་གིས་མ་འདེང་པ། ཡང་ན་རྣམ་དཔྱོད་ཀྱི་མ་འདེང་པ་ཕལ་ཆེར་མིན། དེ་འདྲ་བྱས་ནས་དབུ་མའི་ལམ་གྱི་སྲིད་བྱུས་འདི་བྱུང་བ་རེད། དེ་དང་ཆབས་གཅིག་དུས་རབས་ ༧།༨།༩ སྐབས་བོད་འདི་རང་བཙན་ཡིན་པ་ཧ་ཅང་གསལ་པོ་རེད། རྒྱ་མི་དེ་འདྲ་ཐུག་སྐབས་ངོས་ཀྱི་བརྗོད་བཞིན་ཡོད། བོད་དེ་སྔ་ནས་རྒྱ་འོག་རེད། ཅེས་ངོས་ཀྱིས་བཤད་ཐུབ་རྒྱུ་མ་རེད། ངོས་ཀྱིས་ལོ་རྒྱུས་ལ་འགྱུར་བ་གཏོང་ཐུབ་རྒྱུ་མ་རེད། ལོ་རྒྱུས་ལོ་རྒྱུས་ལ་བསྡད་ཡོད། དེར་བརྟེན་དུས་རབས་ ༧།༨།༩ སྐབས་དེར་བོད་རང་བཙན་རེད། དེ་དུས་རྒྱ་ཧོར་བོད་གསུམ། ཞེས་ཐ་སྙད་བཤད་སྲོལ་ཡོད་པ་དེ་འདྲ་རེད། རྒྱ་ནག་གི་རྒྱལ་པོ། ཧོར་གྱི་རྒྱལ་པོ། བོད་ཀྱི་རྒྱལ་པོ། ཅེས་རྒྱལ་པོ་གསུམ་ཤོད་ཀྱི་ཡོད། དེ་ཡང་ཨ་རིའི་ཀོ་ལམ་བྷི་ཡ་གཙུག་ལག་སློབ་གྲྭ་ཡིན་པ་ཡོད། དེའི་ནང་གི་མཁས་དབང་འགའ་རེས་ཞིབ་འཇུག་བྱས་ནས་ཞིག་འཇུག་བྱ་རྒྱུའི་ཡིག་ཆ་དེ་ཡང་རྒྱ་ཡིག་གཙོ་བོར་བཞག་ནས་ཞིབ་འཇུག་བྱས་པའི་གྲུབ་དོན་དེར། དུས་རབས་གསུམ་པོ་དེའི་རིང་སྟོབས་ཆེན་རྒྱལ་ཁབ་གསུམ་འདུག རྒྱ་ནག་རྒྱལ་པོས་ཆབ་སྲིད་ཐོག་ལ་བསམ་བློ་ཧ་ཅང་བཏང་འདུག ཧོར་རྒྱལ་པོས་དམག་ཐོག་ལ་བསམ་བློ་བཏང་འདུག བོད་ཀྱི་རྒྱལ་པོས་ཆོས་ཕྱོགས་ཀྱི་ཐོག་ལ་བསམ་བློ་བཏང་འདུག ཅེས་ཤོད་བཞིན་འདུག གནས་ཚུལ་དེ་ཚོ་ངོས་ཀྱིས་རྒྱ་རིིགས་ཚོར་ཤོད་བཞིན་ཡོད།
ད་ཆ་ང་ཚོ་དུས་རབས་ ༢༠ དང་ ༢༡ ནང་བསླེབས་ཡོད། འཛམ་གླིང་ཧ་ཅང་འགྱུར་བ་འགྲོ་བཞིན་ཡོད། དེ་འདྲ་ཡིན་དུས་གཉིས་ཕན་གྱི་བསམ་བློ་བཏང་ནས་འགྲོ་རྒྱུ་གཅིག་རེད། དབུ་མའི་ལམ་ཟེར་རྒྱུ་འདི་འདི་རེད། དེ་རིང་ཁྱེད་རང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡིད་ཆེས་གཙང་མའི་ཐོག་ནས་དེའི་རྗེས་སུ་བསྐྱོད་བཞིན་ཡོད། དེར་འགྱུར་བ་མེད། ཅེས་བརྗོད་པ་རེད། དེར་ངོས་རང་ཧ་ཅང་དགའ་པོ་བྱུང་། ༸རྒྱལ་བ་རིན་པོ་ཆེས་བོད་ལ་ཤ་ཚ་ཡོད་པ་རེད། བོད་ལ་ཕན་པ་ཞིག་བསམ་བློ་གཏོང་གི་རེད། བོད་ཀྱི་ཆབ་སྲིད་ཀྱི་འགན་འཁྱེར་ནས་ལོ་དྲུག་ཅུ་ཙམ་ལས་ཀ་བྱས་པ་རེད། ད་ཆ་རྒན་ཡོལ་བྱས་ནས་ངོས་རང་ལོ་བརྒྱད་ཅུར་བསླེབས་སྐབས་འགྲིག་མ་སོང་། ཞེས་ལབ་པ་ཡིན་ན་སྐབས་རེ་བློ་ཏོག་ཙམ་ཕམ་གྱི་འདུག བསམ་པ་རྣམ་དག་བྱས་པ་ཡིན། ད་ཆ་ཡག་བྱུང་ཟེར་རྒྱུའི་ཚབ་ཏུ་མཐུད་ཤོར་བཏང་འདུག ཅེས་ལབ་ན་བློ་ཕམ་གྱི་འདུག ཤེས་སོང་ང་། དེར་བརྟེན་ང་ཚོའི་རྩ་བའི་ལམ་སྟོན་ཞིག་ཡོད་པ་དེར་ཧུར་ཐག་འབད་ཐག་བྱས་ནས་ཤར་བསྐྱོད་བྱེད་བཞིན་ཡོད། ཅེས་བརྗོད་པ་དེར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ཉིན་མ་གཅིག་བདེ་ཞིང་སྐྱིད་པ་ཡོད་པ་ཙམ་གྱིས་ཕན་རྒྱུ་མ་རེད། ཉིན་མ་ནས་ཉིན་མ། ཟླ་བ་ནས་ཟླ་བ། ལོ་ནས་ལོ་བསྟུད་ནས་འགྲོ་དགོས་རེད། ང་ཚོ་བོད་མི་རིགས་ཀྱི་སྐད་ཆ་ཤོད་ཀྱི་ཡོད། མི་རབས་ནས་མི་རབས་བསམ་བློ་གཏོང་དགོས། མི་རབས་རྒན་པ་རྫོགས་འགྲོ་བཞིན་ཡོད།
འདིར་བརྟན་བཞུགས་འབུལ་མཁན་ཁྱེད་རང་ཚོ་རྒན་འཁོགས་མང་པོ་ཞིག་ཐུག་སྐབས་ངོས་རང་སོ་སོར་བསམ་བློ་གཏོང་སྐབས་མཚམས་རེ་ཧ་ཅང་རྒས་པོ་ཡིན་བསམ་དྲན་གྱི་འདུག པོ་ལགས་རྨོ་ལགས་ཁྱེད་ཚོ་དང་ཐུག་སྐབས། ལོ་བརྒྱད་ཅུ་ཡིན། ལོ་བདུན་བཅུ་དོན་གྲངས་ཡིན་ཟེར་མཁན། མགོ་དཀར་པོ། སོ་བུད་པ། འཁར་རྒྱུག་འཁྱེར་མཁན་མཐོང་སྐབས་ངོས་རང་ཡང་ད་ཆ་ལོ་ ༨༡ ལ་བསླེབས་ཡོད། དེར་བརྟེན་པོ་ལགས་ཆགས་ཡོད། དེར་བརྟེན་ང་ཚོའི་མི་རབས་འདི་རྫོགས་རྒྱུའི་མཚམས་སུ་བསླེབས་ཡོད་སྟབས། མི་རབས་གསར་པ་ཚོས་མཇུག་སྐྱོང་ཐུབ་པ་དགོས། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ལ་ཆ་བཞག་ནའང་། ལྔ་བཅུ་ལྔ་དགུ་དང་དྲུག་ཅུ་རེ་གྲངས་གི་མི་རབས་དེ་གང་ཙམ་རྫོགས་ཏེ། མི་རབས་གསར་པ་ཞིག་གིས་མཇུག་སྐྱོང་ནས་ཡོང་གི་ཡོད་པ་རེད། བོད་ནང་ལ་ཆ་བཞག་ནའང་གཞིས་ལུས་རྒྱ་ཆེའི་མི་མང་གི་མི་རབས་རྒན་པ་ཚོ་རྫོགས་འགྲོ་བཞིན་ཡོད་པ་དང་། མི་རབས་གསར་པ་ཚོས་མི་རབས་རྒན་པའི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པ་བྱས་ཏེ། མི་རབས་གཞན་པས་མཇུག་མཐུད་ནས་ཡོང་གི་ཡོད་སྟབས། ང་ཚོ་བཙན་བྱོལ་བ་ཚོས་ཀྱང་དེ་དེ་བཞིན་བྱས་ཏེ་མི་རབས་རྒན་པ་རྣམས་རྫོགས་འགྲོ་དུས། མི་རབས་གཞོན་པ་ཚོས་མཇུག་མཐུད་ཐུབ་པ་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ།།