༢༠༡༥ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༩ ནས་ ༡༢ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་ཏ་མིལ་ན་དུ་མངའ་སྡེའི་གྲོང་ཁྱེར་ཝེ་ལོར་ Vellore ནང་རྟེན་གཞི་བྱས་པའི་ Christian Medical College ཐུན་མོང་གིས་གོ་སྒྲིག་འོག ཉིན་གྲངས་བཞིའི་རིང་གྲོང་ཁྱེར་དེར་གཉན་ནད་རེག་དུག་ནད་གཞི་དང་འབྲེལ་བའི་སྐོར་ཟབ་སྦྱོང་བརྒྱུད་གོ་རྟོགས་རྒྱ་ཆེ་སྤེལ་འདུག ཟབ་སྦྱོང་འདི་བཞིན་ཨེན་སི་ཨེ་ NCA རོགས་ཚོགས་ཀྱིས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་(SARD) བརྒྱུད་མཐུན་འགྱུར་གནང་བ་ཞིག་ཡིན་འདུག ཟབ་སྦྱོང་འདིའི་ཐོག་ས་གནས་འཕྲོད་བསྟེན་ཡན་ལག་སྨན་ཁང་ནས་སྨན་ཞབས་པ་གཉིས་དང་། སྨན་རྩིས་ཁང་ནས་སྨན་པ་བཞི། ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། མོན་གྷོ་རྒན་གསོ་ཁང་། རྡ་སྟེང་བོད་ཁྱིམ། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་བཅས་ནས་སྨན་ཞབས་པ་རེ་རེ་བཅས་ཁྱོན་མི་གྲངས་ ༢༡ མཉམ་ཞུགས་གནང་ཡོད།
ཟབ་སྦྱོང་སྐབས་གཉན་ནད་རེག་དུག་གི་ནད་གཞི་ཕོག་པའི་ནད་པ་ཚོར་སྨན་པ་དང་འབྲེལ་ཡོད་སྨན་ཞབས་པ་ཚོས་སྨན་བཅོས་ཇི་ལྟར་བྱེད་དགོས་པ་དང་། ནད་རིགས་དེ་དག་སྐོར་གོ་རྟོགས་གསར་པ་གང་བྱུང་བ་རྣམས་གོ་རྟོགས་སྤེལ་འདུག གཞན་ཡང་སྐབས་དེར་བརྗོད་གཞི་གལ་ཆེ་གཞན་ཁག་གཅིག་གོ་རྟོགས་སྤེལ་བ་རྣམས་ནི། HIV ནད་གཞི་འདིའི་སྐོར་ལམ་སྟོན་ཇི་འདྲ་བྱེད་དགོས་པའི་རྒྱུས་སྟོན་དང་། ད་བར་ནད་གཞི་འདིའི་སྐོར་གོ་རྟོགས་གང་འདྲ་བྱུང་ཡོད་པ། ནད་གཞི་སྔོན་རྟགས་གང་ཡིན་པ། སྔོན་འགྲོའི་བརྟག་དཔྱད་བྱེད་ཕྱོགས། ནད་འགོས་ཟིན་རྗེས་ནད་པ་དེར་སློབ་སྟོན་གང་འདྲ་གནང་དགོས་སྐོར། དེ་བཞིན་ HIV ནད་གཞི་ཡོད་མཁན་གྱི་ནད་པ་དང་ལྷན་དུ་སྡོད་མཁན་བྱིས་པ་དང་དར་མ་སོགས་ལ་སློབ་སྟོན་གང་འདྲ་གནང་དགོས་པ། HIV ནད་གཞི་ཡོད་མཁན་དང་ཁོར་ཡུག་མཉམ་སྤྱོད་བྱེད་མཁན་རྣམས་ཀྱི་བསམ་བློའི་འཕྲོད་བསྟེན། HIV ནད་གཞིའི་ཐོག་ཁྲིམས་དང་བཟང་སྤྱོད་ཀྱི་ལྟ་སྟངས། ཡོངས་གྲགས་སྔོན་འགོག་གི་ཐབས་ལམ་སོགས་ཀྱི་སྐོར་གོ་རྟོགས་སྤེལ་འདུག །