༢༠༡༥ ཟླ་ ༡༡ ཚེས་ ༣ རེས་གཟའ་མིག་དམར།
༄༅། །བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་དགུ་པའི་ཚེས་ ༢༢ ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༣ ཉིན་ལྷ་བབས་དུས་ཆེན་ཉིན་དང་སྟབས་བསྟུན། བར་ཁམས་རོང་པོ་ཤོག་ཀ་ཕྱེད་བརྒྱད་དང་། བར་ཁམས་སོག་ཤོད། བར་ཁམས་ཁྲི་རྡོ། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་བཅས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་སྤྱི་དང་ཁྱད་པར་བོད་མི་རིགས་རིག་གཞུང་བཅས་པར་བཀའ་དྲིན་ཤིན་ཏུ་ཆེ་བར་བརྟེན། གསེར་གྱི་གཟེངས་རྟགས་ཁག་གཉིས་འབུལ་ལམ་ཞུས་ཡོད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཆིབས་སྒྱུར་སྐབས་རྣམ་གྲྭའི་སྤྱན་རྒྱ་སྤོས་སྣེ་དང་། ཚོགས་ཁག་བཞི་སོ་སོའི་ཚོགས་གཙོ་རྣམས་ནས་སྤོས་སྣེ་བཅས་ཀྱིས་སྔོན་བསུས་ཏེ་གཙུག་ལག་ཁང་གི་མི་འཇིགས་སེངྒེའི་ཁྲི་འཕང་མཐོན་པོར་༸ཞབས་སོར་འཁོད་མཚམས། ༸གོང་ས་མཆོག་གིས་ཚེ་དབང་སྒྲུབ་བཞག་མཛད་རིང་། མང་ཚོགས་ནས་ཐོག་མར་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གསོལ་འདེབས། གུ་རུའི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། བཅས་གསུང་འདོན་གནང་། དེ་རྗེས་དངོས་གཞི་བཀའ་ཆོས་སེམས་བསྐྱེད་དང་ཚེ་དབང་གི་གསོལ་འདེབས་སྐབས་ཁྲི་རྡོ་ཞབས་དྲུང་ཆོས་དབང་གྲགས་པ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ཆབས་ཅིག ཚོགས་ཁག་གཞན་གསུམ་གྱི་ཚོགས་གཙོ་རྣམས་ཀྱིས་མཇལ་བཅར་ཞུས། དེ་ཡང་སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ད་རིང་འདིར་ལྷ་བབས་དུས་ཆེན། ཞེས་སྟོན་པའི་དུས་ཆེན་ཞིག་ལ་རྩི་བཞིན་ཡོད། ཕལ་ཆེར་པཱ་ལིའི་གཞུང་ནང་དུའང་བརྩི་སྲོལ་ཡོད་པ་འདྲ། དུས་ཆེན་ཁྱད་པར་ཅན་ཞིག་ལ་རྩི་བཞིན་ཡོད། འདི་སྐབས་དང་བསྟུན་ནས་དེ་རིང་འདིར་བར་ཁམས་རོང་པོ་ཤོག་ཀ་ཕྱེད་བརྒྱད་དང་། བར་ཁམས་སོག་ཤོད། བར་ཁམས་ཁྲི་རྡོ། རྡ་སར་རྟེན་གཞི་བྱས་པའི་མདོ་སྟོད་ཆོལ་ཁའི་དབུས་རྒྱུན་བཅས་ཁག་དེ་དག་གིས་སྒྲོལ་དཀར་གྱི་ཚེ་སྒྲུབ་སྒོ་ནས་བརྟན་བཞུགས་འབུལ་རྒྱུ་རེད། དེ་རིང་བརྟན་བཞུགས་སྦྱིན་བདག་འདུས་སྡེ་དང་བཅས་པ་དང་དེ་བཞིན་རྡ་སར་གཉུག་མར་གནས་པའི་སེར་སྐྱ་མང་ཚོགས་དང་གློ་བུར་དུ་ལྷགས་པའི་བོད་མི་དང་ཧི་མཱ་ལ་ཡི་རི་རྒྱུད་ཀྱི་མི་སྣ་ཙམ་དུ་མ་ཟད། དེ་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་མཁན་ཡེ་ཤུའི་ལུང་པ་ནས་མི་དེ་འདྲ་ཡོང་གི་ཡོད། གཞན་ཡང་དེ་རིང་འདིར་ཨ་རི་ནས་མི་སྣ་གྲགས་ཅན་ཁག་གཅིག་ང་ཚོ་སང་གནངས་ཐུག་ནས་ བགྲོ་གླེང་བྱེད་ཡག་རེད། དེ་སྔ་ངོས་རང་ཁོང་ཚོའི་ཚོགས་པས་སྐད་བཏང་བ་ལྟར་ཚར་གཅིག་ཕྱིན་པ་རེད།
དེར་བརྟེན་དེ་རིང་ཁྱེད་ཚོས་འདིར་བོད་པས་སྔགས་ཀྱི་ཆོ་ག་བཏོན་པ་མཐོང་ཐེངས་དང་པོ་ཡིན་འགྲོ། འགྲེལ་བརྗོད་གང་ཡང་མ་བརྒྱབ་ན་ལྟད་མོ་བལྟས་པའི་བཟོ་འདྲ་རེད། འགྲེལ་བརྗོད་བརྒྱབ་ན་མགོ་རྙོག་འཐོན་ཡོང་གི་རེད། བོད་ལ་ཡོད་པའི་སངས་རྒྱས་ཀྱི་ཆོས་འདི་པཱ་ལིའི་གཞུང་དང་ཐུན་མོང་བ་ཡིན་པ་སོ་ཐར་གྱི་ཚུལ་ཁྲིམས་ཉམས་སུ་བླངས་ཡག། དེ་བཞིན་གཞི་གནས་དང་ལྷག་མཐོང་ཉམས་སུ་བླངས་ཡག། ལྷག་མཐོང་ཐོག་ནས་བྱང་ཕྱོགས་སོ་བདུན་ཉམས་སུ་བླངས་ཡག་ཟེར་ཡག་དེ་དག་ཐུན་མོང་བ་ཆགས་ཀྱི་ཡོད། ཐུན་མོང་མིན་པ་གཅིག་འདི་ལེགས་སྦྱར་གཞུང་ནས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ཟེར་ཡག་གཅིག་གསུངས། དེ་དང་འབྲེལ་ནས་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཟེར་ཡག་གཅིག་དམིགས་ བསལ་གྱིས་རྩལ་བཏོན་ནས་གསུངས་ཡོད། བྱང་ཆུབ་ཀྱི་སེམས་ཀྱི་སྤྱོད་པ་ཕྱིན་དྲུག་གི་ཉམས་ལེན་གཞན་ལ་སྦྱིན་པ་བཏང་བ་ དང་གནོད་པ་མི་བྱེད་པ་ཙམ་དུ་མ་ཟད། ཕན་གདགས་ཡག བྱང་ཆུབ་སེམས་པའི་ཚུལ་ཁྲིམས་བརྗོད་སྐབས་གཙོ་བོ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཟེར་ཡག་འདི་གཙོ་བོ་ཆགས་ཀྱི་ཡོད། རང་དོན་ཡིད་བྱེད་བསྡོམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། བསམ་གཏན་དང་ཤེས་རབ་ཀྱི་ཁོངས་སུ་གསང་སྔགས་ཀྱི་ཆོས་འཁོར་བསླེབས་ཡོང་གི་ཡོད།
མདོར་ན་གཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་བསྒྲུབ་ཡག་ཐུན་མོང་དང་ཐུན་མོང་མིན་པ་ ཞིག་ཡོད། ཐུན་མོང་མིན་པ་དེ་གཙོ་བོ་སེམས་ཕྲ་རགས་ཀྱི་དབྱེ་བ་འབྱེད་ནས་དཔེར་ན། ང་ཚོར་སད་དུས་ཀྱི་གནས་སྐབས་ཀྱི་ཤེས་པ་གཅིག་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། རྨི་ལམ་གྱི་གནས་སྐབས་ལ་དབང་པོའི་ཤེས་པ་སྒོ་ལྔའི་ཤེས་པ་དེ་དག་དགག་གི་ཡོད། དེའི་གནས་སྐབས་ལ་བསམ་བློ་འདྲ་མིན་འཁོར་མཁན་གཅིག་ཡོད། ཡིད་བློར་བརྟེན་ནས་ཡོང་། སྒོ་ལྔའི་ཤེས་པ་མངོན་དུ་གྱུར་སྐབས་ཡིད་བློ་ཡོང་བཞིན་ཡོད་ཀྱང་རགས་པའི་གནས་སྐབས་གཅིག་བྱས། སྒོ་ལྔའི་ཤེས་པ་དགག་ནས་ཡིད་བློ་རྐྱང་རྐྱང་ཡོད་སྐབས་ཡིད་བློའི་ཤེས་པའི་རིམ་ པ་དེ་ཏོག་ཙམ་ཕྲ་རུ་ཕྱིན་པ་རེད། གཉིད་ཐུག་པོ་ཁུག་སྐབས་རྨི་ལམ་མེད་པ་བྱས་ནས་ཡོད་སྐབས་ཀྱི་ཡིད་བློ་དེ་ལས་ཕྲ་རུ་ཕྱིན་པ་རེད། རྒྱལ་བས་གནས་སྐབས་ཡིད་བློའི་ཤེས་པ་དེ་ལས་ཕྲ་རུ་ཕྱིན་པ་རེད། ཕྲ་ཤོས་དེ་འཆི་བའི་གནས་སྐབས་རེད། ནམ་རྒྱུན་དེ་འདྲ་ཡོང་བཞིན་ཡོད། མི་གྲོངས་ནས་སྤྱིར་བཏང་སྨན་བཅོས་ཀྱི་ལམ་ནས་སྙིང་གི་བྱེད་ལས་དགག་འགྲོ་སྐབས་ཁྲག་གི་རྒྱུ་བ་དགག་གི་ཡོད། དེར་བརྟེན་ཀླད་པའི་བྱེད་ལས་དགག་ནས་འཆི་བར་བརྩི་བཞིན་ཡོད། དེ་ལྟ་བུའི་ཡོངས་གྲགས་སུ་ལུས་ཀྱི་བྱ་བ་ཐམས་ཅད་རྫོགས་ནས་མེད་པར་བྱས། ལུས་དང་འབྲེལ་བའི་ཤེས་པ་རགས་པ་དེ་དག་མེད་པ་བྱས། སྔགས་ཀྱི་གཞུང་དང་ལྷག་པར་དུ་སྔགས་བླ་མེད་ཀྱི་གཞུང་ནས་ཤེས་པ་རགས་པ་དེ་དག་དགག་ཟིན། ཕྲ་བ་དེ་དག་ཀྱང་དགག་ཟིན། འོན་ཀྱང་ཤིན་ཏུ་ཕྲ་བ་དེ་ཡོད་པ་གསུངས། དེ་ཡོད་པའི་རྟགས་མཚན་དུ་མི་འགའ་ཤས་འཆི་ཚར་ནས་ཉིན་མང་པོར་ཕུང་པོ་རྙིང་པ་མ་ཆགས་པ་བྱས་ནས་ཕུང་པོ་སོས་པ་བྱས་ནས་བསྡས་པ་དེ་འདྲ་ཡོང་། མི་འགའ་ཤས་ཉིན་གཉིས་གསུམ་དེ་འདྲ། འགའ་ཤས་བདུན་ཕྲག་གཅིག རིང་བའི་གྲས་དེ་ཚོ་བདུན་ཕྲག་གསུམ་ཙམ་དང་ཡང་སྐབས་རེ་བདུན་ཕྲག་བཞི་ལྔ་དེ་འདྲ་ སྡོད་མཁན་ཡོང་བཞིན་འདུག སྤྱིར་བཏང་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཡག་མེད།
དེང་སྐབས་ཚན་རིག་པ་འགའ་ཤས་ཀྱིས་དོ་སྣང་བྱས་ནས་ང་ཚོ་ནམ་རྒྱུན་ཐུགས་དམ་ལ་བཞུགས་ཟེར་ཡག་གཅིག་ཡོད། དེ་འདྲའི་ཐུགས་དམ་བཞུགས་མཁན་ཚོའི་ཀླད་པའི་ནང་འགྱུར་བ་གང་ཡང་འགྲོ་གི་ཡོད་ མེད། ཀླད་པའི་བྱ་བ་ཡོད་མེད་ཐོག་ལ་བརྟག་དཔྱད་བྱེད་ཡག་གི་ལས་རིམ་ཞིག་འགོ་ཚུགས་ཡོད། དེར་བརྟེན་དེ་ཚོའི་གྲས་དེ་ཤེས་པ་ཕྲ་མོ་གཅིག་ཡོད་པའི་རྟགས་རེད། ཉེ་ཆར་ངོས་རང་གྲོང་ཁྱེར་ནཱ་སིག་ཉེ་འགྲམ་དུ་ཀུམྦྷ་མེ་ལར་ངོ་ཤེས་ཧིན་དུའི་ཆོས་གྲོགས་ཤིག་ཡོད་པ་ཁོང་གིས་དེར་ཤོག་ཟེར་ནས་ཕྱིན་པ་རེད། ཁོང་སྔ་མོ་ནས་ངོས་ཀྱི་ངོ་ཤེས་རེད། ཁོང་ལ་དབུ་མའི་ལྟ་བ་ཧ་ཅང་ཤོད་རྒྱུ་ཡོད། དོ་སྣང་ཡོད། ངོས་གཉིས་ནང་ཚགས་ཡིན། སྐབས་དེར་ཁམས་གསུམ་ཟེར་ཡག་དེ་གང་འདྲ་རེད། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས། ཞེས་ཕྱི་ནང་གཉིས་ཀས་འདོད་བཞིན་ཡོད། མུ་སྟེགས་པས་ཀྱང་འདོད་ཀྱི་ཡོད། ཁམས་གསུམ་ཡོད་པའི་སྒྲུབ་བྱེད་གང་ཡོད། ཅེས་ཁོང་ལ་ཞུས་པ་ཡིན། ཁོང་ལ་གསུང་ཡག་མིན་འདུག ངོས་ལའང་གསལ་པོ་ཤོད་རྒྱུ་མེད། ཤེས་པ་ཕྲ་རགས་དང་ཏིང་ངེ་འཛིན་དེ་འདྲའི་ཐོག་ནས་བསམ་བློ་ཞིག་བཏང་ན་མ་གཏོགས་གཞན་ཞུ་ཡག་མེད། རྒྱུའི་གནས་སྐབས་ཤེས་པ་ཕྲ་རགས་ཤིག་ཡོད་པ་ཡིན་དུས། སྔགས་བླ་མེད་ནས་གསུངས་པའི་ཤེས་པ་ཕྲ་རགས་སྐོར་བརྗོད་ཀྱི་མེད། སྤྱིར་བཏང་སྒོ་ལྔའི་ཤེས་པས་འདོད་ཡོན་ལྔ་ལ་དམིགས་ནས་དེ་ལ་གཙོ་བོར་དོན་དུ་གཉེར་མཁན་གྱི་རིམ་པ་གཅིག སྒོ་ལྔའི་ཤེས་པས་འདོད་ཡོན་ལྔ་ལ་བློ་འཕྲོ་བ་དེ་བསྡོམས་ནས་ཡིད་བློའི་སྟེང་ནས་ རྩེ་གཅིག་པའི་ཏིང་ངེ་ཛིན་བསྒྲུབས་ནས་དེ་འདྲའི་ཤེས་པའི་གནས་སྐབས། དེའི་ནང་ནས་ཀྱང་རིམ་བཞིན་ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། བློ་ཕྲ་རུ་ཕྲ་རུ་འགྲོ་ཡག་དེ་འདྲ་ཡོད། རྒྱུའི་ཁྱད་པར་དེ་འདྲ་ཞིག་ཡོད་དུས་འབྲས་བུའི་ཁྱད་པར་ཁམས་གསུམ་དེ་འདྲ་ཞིག་ འགྲོ་གི་མེད་འགྲོ། ངོས་ཀྱིས་དེ་འདྲ་ཤོད་ཀྱི་ཡོད། དེ་ཙམ་མ་གཏོགས་རྒྱུ་མཚན་གཞན་ཤོད་རྒྱུ་མིན་འདུག ཁོང་ལ་ཞེ་དྲག་གསུང་ཡག་མིན་འདུག ཁོང་གིས་དེའི་སྐོར་དམིགས་བསལ་ཤོད་ཡག་མེད། ཅེས་གསུངས་བྱུང་།
དེ་ནས་ངོས་གཉིས་སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་ སྐོར་སྐད་ཆ་བྱུང་། ཁོང་གིས་ལམ་སེང་སྐྱེ་བ་སྔ་མ་དྲན་པའི་དྲན་པ་འདུག དེ་བཞི་བརྒྱ་པའི་ནང་དུའང་དེ་འདྲ་གསུངས་ཡོད། ཁོང་གི་སློབ་མའི་ནང་དུའང་ད་ལྟ་ཁོང་གི་སློབ་མ་ཡིན་པ་སྐྱེ་བ་སྔོན་མའང་ཁོང་གི་ སློབ་མ་ཡིན་པའི་ཕྲུ་གུ་ཞིག་ཡོད་པ་དེས་ཁོང་གི་གདོང་གི་རྣམ་འགྱུར་དང་ནམ་ རྒྱུན་ཁོང་གི་ཕྲེང་བ་ཞིག་གྱོན་སྡོད་ཀྱི་རེད། དེ་ཚོའི་གྲས་དེ་གཅིག་དང་གཉིས་བྱས་ནས་ཤོད་ཀྱི་འདུག དེར་བརྟེན་ཁོང་གིས་སྐྱེ་བ་སྔོན་མ་ཡོད་པའི་སྒྲུབ་བྱེད་དུ་སྐྱེ་བ་སྔོན་མའི་ དྲན་པ་ཡོད་པ་བཀོད་བཞིན་འདུག དེར་བརྟེན་ནམ་རྒྱུན་སྐྱེ་བ་སྔ་ཕྱི་མི་འདོད་མཁན་ཞིག་ཡིན་ན་ཕྲུ་གུ་དེ་སེམས་འཁྲུགས་འདུག་བསམས་པ་མ་གཏོགས། གཞན་དེ་ཙམ་དོ་སྣང་བྱེད་ཀྱི་མེད། ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་ན། ཕ་མ་མཐའ་གཅིག་ཏུ་སྐྱེ་བ་སྔ་ཕྱི་མི་འདོད་མཁན་དེ་འདྲ་ལའང་ཕྲུ་གུ་སྐྱེ་བ་སྔ་མ་དྲན་མཁན་དེ་འདྲ་ཡོང་བཞིན་འདུག ངོས་ཀྱིས་དངོས་སུ་ཧིན་དུའི་ཁྱིམ་ཚང་གཉིས་ཀྱི་ཕྲུ་གུ་གཉིས་དང་ཐུག་མྱོང་། སྐྱེ་བ་སྔོན་མ་ཧ་ཅང་གསལ་པོ་དྲན་བཞིན་འདུག གཉིས་ཆ་བུ་མོ་རེད། བུ་ཚོ་སྤམ་ཤོར་ཡག་རེད། གཉིས་ཆ་བུ་མོ་རེད། བུ་མོ་ཚོས་སྐྱེ་བ་སྔོན་མ་དྲན་ཡག་ཤུགས་ཆེ་བ་ལྟ་བུ་འདུག ཡང་བོད་ནས་ཡོང་བའི་བུ་གཅིག་ཡོད་ཁོས་སྐྱེ་བ་སྔོན་མ་ཧ་ཅང་གསལ་པོ་དྲན་བཞིན་འདུག དེ་ལྟ་བུའི་སྐྱེ་བ་སྔོན་མ་དྲན་པ་ཞིག་ཡོད་ན། སྐྱེ་བ་སྔོན་མའི་ལུས་དང་ད་ལྟའི་ལུས་གཉིས་ཁག་ཁག་ཡིན་པ་བརྒྱ་ཆ་བརྒྱ་རེད། དེར་བརྟེན་ལུས་ལ་བརྟེན་པའི་ཤེས་པ་དེ་ལུས་གསར་པ་ཞིག་ཡིན་སྟབས་ཤེས་པ་ཁག་ཁག་ གཅིག་རེད་མ་གཏོགས། ཡིད་བློ་ཕྲ་བའི་སྟེང་ནས་རྒྱུན་མཐུད་ནས་ཡོང་སྡོད་མཁན་གཅིག རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་འགྲུབ། །ཅེས་པ་ལྟར།
དེ་འདྲའི་ཐོག་ནས་འགྲེལ་བཤད་ཀྱང་དེ་རྒྱག་བཞིན་ཡོད་ལ། དངོས་སུ་སྐྱེ་བ་སྔོན་མ་དྲན་མཁན་ལ་འགྲེལ་བཤད་དེའི་སྟེང་ནས་བཤད་ན་ཤོད་རྒྱུ་ཡོད་ལ་ཕན་རླབས་ཆེ་བ། གཞན་ཡ་མཚན་མཚན་བྱས་ནས་འཇོགས་རྒྱུ་རེད། ཡང་ན་ཕྲུ་གུ་དེའི་ཀླད་པ་ཐང་ཐང་མེད། ཅེས་ཟེར་ནས་འགྲོ་རྒྱུ་རེད། སྔགས་ཀྱི་གཞུང་ནས་ཤེས་པ་ཕྲ་རགས་མང་པོ་ཞིག་གསུངས་པའི་ནང་གི་ཤེས་པ་ཕྲ་མོ་དེའི་སྒང་ནས་བསམ་བློ་ཞིག་བཏང་གི་ཡོད། ང་ཚོ་ནམ་རྒྱུན་ཡིན་ན་ཆོས་ཉམས་ལེན་བྱེད་ཡག་དེ་དག་ཤེས་པ་རགས་པའི་སྒང་ནས་འགྲོ་ བཞིན་ཡོད་པ་ལས་ཤེས་པ་ཕྲ་མོའི་ཐོག་ནས་འགྲོ་གི་མེད། ཤེས་པ་ཕྲ་མོའི་ཐོག་ནས་ཆོས་ཉམས་ལེན་བྱེད་ཡག་གཅིག་ཡོང་བར་ཆེད་དུ་གཉེར་ནས་ཕན་པ་དང་ཐབས་ཤེས་ཀྱི་ཐོག་ནས་རགས་པ་གློ་བུར་བའི་ཤེས་པ་དེ་དག་དགག ཕྲ་བ་གཉུག་མའི་ཤེས་པ་དེས་ཡུལ་འབྱེད་རུང་གི་རྣམ་པར་གསལ་བར་བསྐྱེས། དེའི་ཐོག་ནས་གཉུག་མའི་ཤེས་པ་དེ་དགེ་སེམས་ལ་སྐྱེ་ཡག་དང་། དེ་འདྲའི་ཐོག་ནས་ཉམས་ལེན་བྱེད་ཡག་གཅིག་ཤོད་ཀྱི་ཡོད། བསམ་བློ་འདུག་སེ་བཏང་ན་དེ་ཚོའི་གྲས་ཁྱད་མཚར་པོ་འདུག དེར་བརྟེན་ངོས་ཀྱིས་གྲོགས་པོ་ཚོར་འགྲེལ་བཤད་དེ་འཁྲུགས་ཆ་དོད་པ་ཡོད་པ་ཤོད་ ཀྱི་ཡོད། ལས་སླ་ཤོད་དེ་འཆམ་དོན་རྒྱུ་དེ་རེད། འཆམ་དེར་བོད་པའི་ཆོས་རེད། ཅེས་ཡ་མཚན་པོ་བྱས་ནས་བལྟ་གི་ཡོད། བོད་པའི་ཆོས་ངོ་མ་དེ་འགྲེལ་བཤད་རྒྱག་དགོས་བྱུང་ན་རྙོག་གྲ་ཚ་པོ་རེད། རྙོག་གྲ་དེ་ང་ཚོ་བོད་པ་ཚོས་བཟོས་པ་ཞིག་མ་རེད་ལ། བོད་པས་ཤེས་པ་ཞིག་ཀྱང་མིན། རྒྱ་གར་མཁས་པ་དེ་ཚོས་དངོས་གནས་དྲང་གནས་ཞེ་ས་མ་ཞུས་ན་མི་རབས་ནས་མི་རབས་དཔྱད་པ་བྱས་ནས་མྱོང་བ་མངོན་དུ་འགྱུར་བ་དེ་འདྲའི་ཐོག་ནས་བཤད་པ་ཞིག་རེད་འདུག ཁྱད་མཚར་ཞིག་ཡོད། གང་ལྟར་དེ་རིང་འདིར་སྒྲོལ་དཀར་གྱི་བརྟན་བཞུགས་འབུལ་ཡག་བྱས། ཁྱེད་རང་ཚོས་ཡར་བརྟན་བཞུགས་འབུལ་གྱི་ཡོད་སྟབས་འབུལ་བ་བཀྱགས་ནས་བཀའ་དྲིན་ཆེན་པོ་ཡིན་ནའང་ངོས་ནས་ཀྱང་ཁྱེད་ཚོར་མར་ཚེ་དབང་བཀུར་ཡོད། ཅེས་ཞལ་ཤོབ་མཛད། དེ་རྗེས་ཚེ་དབང་མ་སྩལ་གོང་སླར་ཡང་བཀའ་སློབ་སྩལ་དོན།
བོད་གངས་ཅན་གྱི་ལྗོངས་སུའང་དེ་ལྟ་བུའི་པཱ་ལིའི་གཞུང་ནང་ཡོད་པའི་འདུལ་བའི་ཉམས་ལེན་དང་མདོར་ན་སྡེ་སྣོད་གསུམ་གྱི་ཉམས་ལེན་ཡོད་པ་དེ་དག་ཐོག་ལ་དོན་དམ་པའི་མངོན་པ་ཟེར་ནའང་འདྲ། མངོན་པ་གོང་མ་ཟེར་ནའང་འདྲ། གང་ལྟར་མཛོད་དང་ཀུན་བཏུས་ལ་མངོན་པ་གོང་མ། ཞེས་གསུང་སྲོལ་ཞིག་ཡོད། འདིར་དོན་དམ་པའི་མངོན་པ། ཞེས་ཤེར་ཕྱིན་ལ་གསུང་བཞིན་ཡོད། བོད་ལ་དར་གསོ་ཆེན་པོ་འདུག དེ་ཡང་གཙོ་བོ་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེའི་བཀའ་དྲིན་རེད། མཁན་ཆེན་ཞི་བ་འཚོ་ཁོང་དུས་རབས་༧།༨ ནང་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཆགས། དུས་རབས་བརྒྱད་པའི་ནང་བོད་ཀྱི་བཙན་པོ་ཁྲི་སོང་ལྡེ་བཙན་གྱིས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ལྷ་ཁང་བཞེངས་རྒྱུ་ཙམ་མིན་པར། དོན་དམ་པའི་ནང་གི་ལྷ་ཁང་བཞེངས་རྒྱུ་འདི་ཧ་ཅང་གལ་ཆེར་དགོངས་ནས་དེ་ཡོང་བར་ཚད་གྲུབ་ཀྱི་སྐྱེ་བུ་ཞིག་དགོས་སྟབས། ཤེར་ཕྱིན་གྱི་གཞུང་དར་གསོ་ཧ་ཅང་ཕྱིན་ནས་ཤེར་ཕྱིན་གྱི་དགོངས་འགྲེལ་མང་པོ་རྩོམ་མཁན་གྱི་མཁས་པ་འཐོན་སའི་བསྟི་གནས་ཡག་ཤོས་དེ་ནཱ་ལེནྡྲ་ཆགས་ཡོད། དེ་འདྲ་ཡིན་དུས་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་གིས་ནཱ་ལེནྡྲ་རང་ནས་མཁས་པ་ཞིག་ གདན་འདྲེན་ཞུ་དགོས་པ་འདུག་དགོངས་ནས་མཁན་ཆེན་ཞི་བ་འཚོ་དུས་རབས་བརྒྱད་པའི་ནང་ བོད་དུ་གདན་དྲངས་པ་རེད། སྐབས་དེར་མི་དང་མི་མིན་གྱི་མི་མཐུན་ཕྱོགས་དེ་དག་སེལ་ཡག་ལ་སློབ་དཔོན་ཐུགས་ རྗེ་ཅན་གདན་ཞུ་གནང་ནས་ནམ་རྒྱུན་ཡོངས་གྲགས་སུ་མཁན་སློབ་ཆོས་གསུམ། ཞེས་ཤོད་ཡག་དེ་རེད།
དེ་འདྲ་བྱས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་ཞིག་སྲོལ་གཏོད། དེ་ཡང་བོད་སྐད་རང་གི་ཐོག་ནས་སློབ་སྦྱོང་བྱེད་དགོས། ཞེས་མཁན་ཆེན་ཞི་འཚོས་དགོངས་པ་བཞེས་ནས་བོད་ཡིག་ཏུ་འགྱུར་ཡག་དེ་དག་གཙོ་བོ་ དུས་རབས་བརྒྱད་པའི་ནང་ཕལ་ཆེར་བྱུང་འདུག དེ་འདྲ་བྱས་ནས་ད་ལྟ་ང་ཚོར་བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ ཡོད་པ་དེ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བསྟུན་ཚེ་དབང་དངོས་གཞི་སྩལ་གནང་མཛད། དེ་ཡང་སྔ་དྲོ་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་བརྟན་བཞུགས་དང་ཚེ་དབང་སོགས་ ཆོས་འབྲེལ་གྱི་མཛད་སྒོ་ཡོངས་སུ་ལེགས་གྲུབ་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གསུང་ཆོས་རྭ་བར་གདན་ཞུས་ཀྱིས་གོང་སྨྲོས་ ཚོགས་པ་ཁག་གིས་མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་སླད་གསེར་གྱི་གཟེངས་རྟགས་ཁག་གཉིས་འབུལ་ལམ་ཞུས་པར་ཐུགས་དགྱེས་བཞེས་མཛད། བརྟན་བཞུགས་མཛད་སྒོའི་རྣམ་གྲ་མཁན་རིན་པོ་ཆེ་མཆོག་གིས་གཙོས་བླ་སྤྲུལ་དགེ་བཤེས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་སྲི་ཞུ་བ་ཚང་འཛོམས་བྱུང་འདུག་པ་བཅས།།