༢༠༡༥ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyi མཆོག་གི་ཆབ་སྲིད་ཚོགས་པར་ཉེ་ལམ་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཤུགས་ཆེ་ཐོབ་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། འོས་བསྡུའི་གྲུབ་འབྲས་དེས་འབར་མའི་མི་མང་གིས་སྐུ་ཉིད་མཆོག་ལ་འབར་མའི་མི་མང་གི་རེ་བ་དང་མངོན་འདོད་རྣམས་བསྒྲུབ་ཐུབ་རྒྱུའི་ཡིད་ཆེས་ཡོད་པ་གསལ་སྟོན་བྱས་ཡོད། ཐེངས་འདིར་འབར་མའི་ནང་འོས་བསྡུ་བྱེད་ཐུབ་པ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། དེར་བརྟེན་དེང་སྐབས་འབར་མ་དེ་བཞིན་མང་གཙོའི་ལམ་ལུགས་ཐོག་རིམ་བཞིན་གོམ་པ་མདུན་སྤོས་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡི་རང་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད།
ཐེངས་འདིར་གོ་སྐབས་བཟུང་ནས་འབར་མའི་འབྲེལ་ཡོད་ཆབ་སྲིད་ཚོགས་པ་ཚང་མས་ཞི་བདེ་ལྡན་ཞིང་འཁོན་འཛིན་མེད་པའི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱ་རྒྱུར་ངོས་ཀྱིས་ཡིད་ཆེས་གཙང་མ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་པ་མ་ཟད། ཉེ་ལམ་ཞི་བདེའི་དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་སྐབས་སྤྱིར་འབར་མའི་ཡུལ་ནང་གི་དཀའ་ངལ་དང་སྒོས་སུ་ཡུལ་དེའི་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་སྐོར་གླེང་སློང་མཛད་པ་ཐུགས་དྲན་གསོ་མཛད་དོན། ངོས་རང་སྐུ་ཉིད་མཆོག་དང་ནང་པའི་རྗེས་འབྲང་པ་གཅིག་པ་ཞིག་ཡིན་པའི་ཆ་ནས་སླར་ཡང་དྲན་སྐུལ་གྱི་ཚུལ་དུ་ཞུ་རྒྱུ་ཞིག་ཡོད་པ་ནི། འབར་མའི་མི་སེར་ཚང་མར་སྙོབ་ཐུབ་པ་གཅིག་གནང་རོགས་ཞུ་རྒྱུ་ཡིན། ལར་ནས་འབར་མའི་ནང་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། དེ་འདྲ་བྱུང་བ་ཡིན་ན་འཛམ་གླིང་གི་གུས་བཀུར་དང་རྒྱབ་སྐྱོར་འཐོབ་རྒྱུ་མ་ཟད། འབར་མའི་ཡུལ་དེ་ཡར་རྒྱས་ཀྱི་ཕྱོགས་སུ་སྣེ་འཁྲིད་རྒྱུའི་རྒྱུ་མཚན་ལྡན་པའི་ཐབས་ལམ་ཞིག་ཀྱང་ཆགས་རྒྱུ་ཡིན། འབར་མ་རང་ཉིད་ལའང་དགེ་མཚན་ཡོད། ཅེས་བཀའ་སྩལ་བ་མ་ཟད། ༸གོང་ས་མཆོག་གིས་ལྕམ་སྐུ་མཆོག་ལ་སྐུའི་འཕྲོད་བཞེས་དང་ལས་དོན་མཐའ་དག་ཐོག་བྱ་བ་ལམ་ལྷོང་ཡོང་བའི་ཐུགས་སྨོན་ཡང་མཛད་འདུག